༢༠༡༢ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་ཟླའི་ཚེས་ ༤ ཉིན་སོག་ཙན་དན་དགོན་པའི་ཉེ་འགྲམ་ལ་བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་སོགས་ཀྱི་ཡི་གེ་མང་པོ་གཏོར་ཡོད་པ་དང་། རྒྱ་ནག་གཞུང་གིས་དམ་བསྒྲགས་སྔར་ལས་ཆེ་བ་བྱེད་བཞིན་ཡོད་འདུག གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སོག་རྫོང་ཙན་དན་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་ལགས་ཕྱི་ཟླ་ ༡ ཚེས་ ༡༥ ཡས་མས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པར་དོགས་པ་བྱེད་ཀྱི་ཡོད་འདུག
དེ་ཡང་ ༢༠༡༡ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ སོག་ཙན་དན་དགོན་པའི་ནང་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་ཡོད་པ་དང་། གྲྭ་མང་རྣམས་འཁོར་ཞག་ལ་མ་སོང་གོང་དེར་རྫོང་སྤྱི་བདེ་མི་སྣ་རྣམས་ཀྱིས་དགེ་འདུན་པ་ལོ་ཆུང་བ་རྣམས་ཀྱི་ལག་པ་པར་བརྒྱབ་སྟེ། ཡིག་ཆ་འགྲེམས་སྤེལ་བྱེད་མཁན་རྩད་གཅོད་བྱེད་སྐབས། དགེ་འདུན་པ་སྐལ་བཟང་ཚུལ་ཁྲིམས་ཡིན་པར་དོགས་པ་བྱས་འདུག དགེ་འདུན་པ་སྐལ་བཟང་ཚུལ་ཁྲིམས་ལགས་ནི་སོག་རོང་སྨད་ཚ་ཧྲོག་ཤང་ནས་ཡིན་ཞིང་། ཕ་མིང་ལ་ཨ་འཇིག་ཟེར་གྱི་ཡོད་པ་དང་། རང་ལོ་ ༡༩ ཙམ་ཡིན་འདུག ཡུལ་མི་རྣམས་ཀྱིས་ཁོང་བྲོས་བྱོལ་ལ་ཕྱིན་པ་རེད་བསམ་ནས་ཡོངས་བསྒྲགས་བྱས་མི་འདུག་ཀྱང་། ད་ལམ་ཟླ་ཤས་རིང་ཁོང་གི་སྐོར་གོ་ཐོས་གང་ཡང་མ་བྱུང་རྐྱེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྐོག་ཏུ་འཛིན་བཟུང་བྱས་པར་ཡུལ་མི་རྣམས་ཀྱིས་དོགས་པ་བྱེད་ཀྱི་ཡོད་འདུག དེའི་སྐབས་ཙན་དན་དགོན་པའི་དགེ་འདུན་པ་ཆོས་དབྱིངས་བྱམས་པ་ལགས་དང་། དགེ་འདུན་པ་ཆོས་དབྱིངས་བློ་དགའ་གཉིས་ལ་ཉིན་ ༡༠ རིང་རྒྱ་ནག་གཞུང་གིས་འདྲི་རྩད་དང་བཀག་ཉར་བྱས་ཡོད། སོག་རྫོང་ཁོངས་ཀྱི་དགོན་པ་ཆེ་བ་རྣམས་ཀྱི་ནང་གཞུང་གི་ལས་བྱེད་མི་སྣ་གསུམ་ནས་ལྔ་བར་དང་། གྲོང་ཚོའི་ལྷ་ཁང་རེ་ལ་ལས་བྱེད་མི་སྣ་རེ་རེ་གཏན་སྡོད་བྱེད་བཞིན་པ་ཡོད་འདུག ཕྱི་ཟླ་ ༡ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་ཆོས་དབྱིངས་བློ་རྒྱལ་ལགས་དང་། ཆོས་དཔལ་ཟླ་བ་ལགས་གཉིས་ལ་ཕྱི་ཟླ་ ༢ ཚེས་ཤར་ཙམ་ལ་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པ་དང། སྐབས་དེར་གསང་བ་བྱས་པ་ལས། ཁོང་གཉིས་ཀྱི་ནང་མིས་ཤེས་རྟོག་བྱུང་མི་འདུག ད་ལྟ་ནག་ཆུ་ཁུལ་ཐོག་ཏུ་ཁོང་གཉིས་བཙོན་འཇུག་བྱས་ཡོད་པ་དང་། ཆོས་དབྱིངས་བློ་རྒྱལ་ལགས་ཀྱིས་ང་ལོ་གཉིས་རིང་ནང་ལ་ལོགས་ཐུབ་ས་མ་རེད། ཁྱེད་རང་ཚོ་ངའི་ཆེད་སེམས་ཁྲལ་མ་བྱེད། ངས་རྐུ་མ་བརྒྱབ་པ་དང་རྫུན་བཤད་ནས་བཙོན་དུ་ཚུད་པ་མ་རེད། པར་ཁ་ཤས་ལ་བལྟས་པའི་རྐྱེན་གྱི་རེད། ད་ལོ་ང་དབྱར་གནས་ཀྱི་སྦྱིན་བདག་ཡིན་པས་ཁྱེད་ཚོས་དབྱར་གནས་དེ་ང་ཡོད་པ་ནང་བཞིན་གནང་རོགས་གྱིས་ཞེས་འགྲེལ་བརྗོད་གནང་འདུག ཆོས་དབྱིངས་བློ་རྒྱལ་ལགས་རང་ལོ་ ༣༡ སོག་རོང་སྨད་བསོད་སྟོབས་ལགས་ཀྱི་བུ་ཡིན་པ་དང་། ཆོས་དཔལ་ཟླ་བ་ལགས་རང་ལོ་༢༡ གཡག་ལ་ཤང་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག ཁོང་གཉིས་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་གྲྭ་མང་རྣམས་འཁོར་ཞག་ལ་འགྲོ་བའི་དུས་ཚོད་དང་བསྟུན་ནས་སོག་རྫོང་སྤྱི་བདེ་ལས་ཁུངས་སུ་ཤོག་ལབ་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པས་རང་ལུས་མེར་སྲེག་བཏང་བའི་པར་རིགས་མང་པོ་གློག་ཀླད་དུ་བལྟས་པར་བསྙད་ནས་འཛིན་་བཟུང་བྱས་པ་ཞིག་ཡིན་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པ་བཅས། །
སོག་ཙན་དན་དགོན་པར་རང་བཙན་སྦྱར་ཡིག་དང་ཁྲིམས་ཆད།
གསར་གནས།
འབྲེལ་གནས།