༢༠༡༢ ཟླ་ ༣ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ ཉིན་ལེ་ཊིན་ཨ་མི་རི་ཀའམ་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༩ ཉིན་ཨུ་རུ་གོ་ཡེ་(Uruguay)རྒྱལ་ས་མོན་ཏེ་ཝི་ཌོའི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་(Tibet Patria Libre )ཞེས་པའི་ཚོགས་མི་རྣམས་ཀྱིས་ཁུལ་དེའི་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་བའི་མར་མེའི་ཁྲོམ་སྐོར་གྱི་རྔམ་སྟོན་ལས་འགུལ་ཞིག་སྤེལ་ཏེ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ དེ་བཞིན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྩོམ་པ་པོ་སྐུ་ཞབས་ཨ་ལོ་མ་ས་ལེ་ནི་སི་མཆོག་གིས་རྒྱལ་ཡོངས་བརྙན་འཕྲིན་(Canal 10)ཞེས་པ་བརྒྱུད་བོད་དོན་དྲི་བ་ཁག་ལ་ལན་འདེབས་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཐུང་ངུ་ཞིག་ཀྱང་མང་ཚོགས་ལ་བསྟན་ཡོད། གློག་བརྙན་དེ་བཞིན་བོད་ཨུ་རུ་གོ་ཡེ་བོད་དོན་རྒྱབ་སྐྱོར་ཚོགས་པས་གསུམ་བཅུའི་དུས་དྲན་ལ་དམིགས་ཏེ་ཆེད་མངགས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
གཞན་ཡང་མེཀ་སི་ཀོ་(Mexico City)གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མེཀ་སི་ཀོ་བོད་དོན་རྒྱབ་སྐྱོར་ཚོགས་པ་(Pensando en Tibet)ཞེས་པའི་གོ་སྒྲིག་འོག་བོད་མི་ཚོར་རྒྱབ་སྐྱོར་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དཔེ་གསར་ལམ་ནས་སྤེལ་བ་དེ་རྒྱལ་ཡོངས་ཀྱི་གསར་ཤོག་དང་བརྙན་འཕྲིན་བརྒྱུད་ལམ་སོགས་ཀྱི་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། ཕྱོགས་མཚུངས་ཀོ་སི་ཊ་རི་ཀའི་(Costa Rica)རྒྱལ་ས་སན་ཧོ་སི་(San Jose)ནང་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་ཁང་(University Of Costa Rica)ཞེས་པའི་ནང་དུ་ཕྱི་ཟླ་ ༣ ཚེས་ ༥ ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་མཐར་ཕྱི་ཚེས་ ༡༠ སྟེ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ ཐོག་མཇུག་བསྡོམས་གནང་ཡོད།
མཇུག་བསྡོམས་མཛད་སྒོའི་སྐབས་བོད་དོན་དང་འབྲེལ་བའི་གློག་བརྙན་དང་པར་རིགས་འགྲེམས་སྟོན། དེ་བཞིན་བོད་དོན་གཏམ་བཤད་སོགས་ལས་འགུལ་སྣ་མང་གོ་སྒྲིག་ཞུས་ཏེ་ལས་འགུལ་ལེགས་གྲུབ་བྱུང་ཡོད། ཕྱོགས་མཚུངས་བྷར་སིལ་དང་མེཀ་སི་ཀོ་གྲོང་ཁྱེར་ཆེ་ཁག་འདྲ་མིན་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་བཅས།།
ལེ་ཊིན་ཨ་མི་རི་ཀའི་ཁུལ་དུ་གསུམ་བཅུའི་དུས་དྲན་ཐེངས་ ༥༣ སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།