༢༠༡༢ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ ཉིན་བཞུགས་སྒར་གངས་སྐྱིད་སྤོ་ལོའི་ཐང་ཆེན་དུ་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང། ཨི་ཊ་ལིའི་ཨ་སི་པོ་རོགས་ཚོགས་བཅས་ཐུན་མོང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་གློ་ནད་(TB)ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྐུའི་ཕྱི་ལུགས་བླ་སྨན་ཚེ་བརྟན་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་ལགས། རྩེད་ཐང་གི་བཞུགས་གྲལ་དུ་ལྷན་འཛོམས་ཐོག་སྤོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་བུ་དང་བུ་མོའི་རུ་ཁག་རྣམ་པ། ལས་བྱེད་དང་མང་ཚོགས་ལྟད་མོ་བཅས་ལྷན་འཛོམས་བྱུང་བའི་དབུས་སུ་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་ལགས་ཀྱིས་ཊི་བྷི་ཉིན་མོ་དང་འབྲེལ་བའི་མཐུན་འགྱུར་གནང་མཁན་རོགས་ཚོགས་ཀྱི་སྐུ་ཚབ་ངོ་སྤྲོད་དང་འབྲེལ་ལག་རྩེད་སྤོ་ལོའི་རྩེད་འགྲན་འདི་ནི་རྣམ་པ་མི་འདྲ་བའི་ཐོག་ནད་གློ་ནད་ཊི་བྷི་སྔོན་འགོག་ཡོང་རྒྱུར་གོ་རྟོག་སྤེལ་བའི་ལས་རིམ་ཞིག་ཡིན་སྐོར་སོགས་ངོ་སྤྲོད་གནང་། དེ་རྗེས་ཨ་སི་པོ་རོགས་ཚོགས་ཀྱི་སྐུ་ཚབ་སྨན་པ་ཕུལ་ཝུ་སལ་ཝོ་ལགས་ཀྱིས་དེ་རིང་འདིར་ཕེབས་པ་རྣམས་ཀྱི་འཇམ་གླིང་གློ་ནད་ཉིན་སྲུང་བརྩི་ཞུ་བ་དང་སྦྲགས་རང་ཉིད་ནས་ནད་གཞི་དེའི་སྐོར་གནས་ཚུལ་གསར་པ་་ཤེས་ཐུབ་པའི་རེ་བ་ཡོད། ཅེས་སོགས་གསུངས་ཡོད། དེ་ནས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོས་འཛམ་གླིང་ཊི་བྷི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད། དེའི་རྒྱུ་མཚན་གཙོ་བོ་འཛམ་གླིང་ནང་ཊི་བྷི་ནད་གཞི་འདིས་མི་མང་པོར་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་པར་བརྟེན། གནད་དོན་དེའི་ལས་ཀ་བྱས་པ་ལས་བྱ་རྒྱུ་མང་བ་ཡོད། དེར་བརྟེན་ནད་གཞི་སྔོན་འགོག་ཆེད་གོ་རྟོགས་སྤེལ་རྒྱུར་འཛམ་གླིང་ནང་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་ལ། ང་ཚོའི་སྤྱི་ཚོགས་ནང་རྡ་ས་གཙོས་པའི་གཞིས་ཆགས་ཁག་ལ་ཉིན་མོ་འདི་སྲུང་བརྩི་ཞུ་གི་ཡོད། དེ་རིང་གི་ཉིན་མོ་དང་འབྲེལ་བའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་ཞུ་དགོས་དོན་ནི་གཞོན་སྐྱེས་ཚོར་ཊི་བྷིའི་ནད་གཞིའི་གོ་རྟོགས་སྤེལ་སླད་ལས་འགུལ་བརྩམས་པ་ཞིག་ཡིན། ང་ཚོ་ཚང་མས་ནད་གཞི་གང་འདྲ་ཡིན་རུང་ཐོག་མར་ནས་སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། དེ་བཞིན་ཊི་བྷི་ནད་རྟགས་ཐོན་རིགས་ནས་ས་གནས་སུ་བདེ་ལེགས་སྨན་ཁང་དང་ས་གནས་གཞུང་གི་འཕྲོད་བསྟེན་སྨན་ཁང་ཁག་གང་རུང་ལ་བསྟེན་གཏུག་གནང་སྟེ་ང་ཚོའི་སྤྱི་ཚོགས་ནང་ནད་གཞི་འདིའི་དཀའ་ངལ་སེལ་ཆེད་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་འབད་བརྩོན་གནང་རོགས་ཞེས་གསུང་བཤད་གནང་ཡོད། དེ་རྗེས་བོད་ནང་བོད་བསྟན་སྲིད་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་གཙོས་བཙོན་དུ་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་གནང་སྟེ་རིམ་བཞིན་བུ་དང་བུ་མོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འཛུགས་གནང་ཡོད་པ། །
རྒྱལ་སྤྱིའི་གློ་ནད་ཉིན་མོ་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།