༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་ཚོགས་བཞིན་པ་ལྟར་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་གཅིག
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་”༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་” ཞེས། འབོད་ཚིག་འདི་གཉིས་གཙོ་བོར་བྱས་ནས་བོད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་པ་ནས་ཡིན་པ་རང་ལོ་ ༢༠ སོན་པ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་རྫོང་གི་རང་ལོ་ ༢༡ སོན་པ་གྲྭ་བློ་བཟང་ཕུན་ཚོགས་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་རྟའུ་རྫོང་གི་རང་ལོ་ ༢༩ སོན་པ་གྲྭ་ཚེ་དབང་ནོར་བུ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་རྔ་པ་རྫོང་གི་རང་ལོ་ ༡༩ སོན་པ་གྲྭ་བློ་བཟང་སྐལ་བཟང་ལགས་དང་། རང་ལོ་ ༡༨ སོན་པ་གྲྭ་བློ་བཟང་དཀོན་མཆོག་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་གྲྭ་སྐལ་བཟང་དབང་ཕྱུག་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་རྔ་པ་རྫོང་གི་རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་དང་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་མཁའ་དབྱིངས་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་རྔ་པ་རྫོང་གི་རང་ལོ་ ༡༩ སོན་པ་ནོར་བུ་དགྲ་འདུལ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་རྔ་པ་རྫོང་གི་རང་ལོ་ ༢༠ སོན་པ་བཙུན་མ་བསྟན་འཛིན་དབང་མོ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༥ ཉིན་དཀར་མཛེས་རྫོང་གི་རང་ལོ་ ༣༨ སོན་པ་གྲྭ་ཟླ་བ་ཚེ་རིང་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་རྟའུ་རྫོང་གི་རང་ལོ་ ༣༥ སོན་པ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་རྫོང་གི་རང་ལོ་ ༤༦ སོན་པ་བསྟན་འཛིན་ཕུན་ཚོགས་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྔ་པ་རྫོང་གི་རང་ལོ་ ༢༠ སོན་པ་བསྟན་ཉི་ལགས་དང་རང་ལོ་ ༢༠ སོན་པ་ཚུལ་ཁྲིམས་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་མགོ་ལོག་དར་ལག་རྫོང་གི་རང་ལོ་ ༤༢ སོན་པ་སྤྲུལ་སྐུ་བསོད་བྷེད་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་རྔ་པ་རྫོང་གི་རང་ལོ་ ༢༡ སོན་པ་བློ་བཟང་འཇམ་དབྱངས་ལགས་དང་རང་ལོ་ ༡༩ སོན་པ་རིག་འཛིན་རྡོ་རྗེ་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་ཁྲི་འདུ་རྫོང་གི་རང་ལོ་ ༣༧ སོན་པ་གྲྭ་བསོད་ནམས་རབ་ཡངས་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་རྔ་པ་རྫོང་གི་རང་ལོ་ ༡༩ སོན་པ་གྲྭ་བློ་བཟང་རྒྱ་མཚོ་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ཉིན་ཐེམ་ཆེན་རྫོང་གི་རང་ལོ་ ༣༨ སོན་པ་གྲྭ་དམ་ཆོས་བཟང་པོ་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་ཛམ་ཐང་རྫོང་གི་རང་ལོ་ ༡༨ སོན་པ་གྲྭ་སྣང་སྒྲོལ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་རྨ་ཆུ་རྫོང་གི་རང་ལོ་ ༡༩ སོན་པ་བུ་མོ་ཚེ་རིང་སྐྱིད་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༤ ཉིན་རྔ་པ་རྫོང་གི་རང་ལོ་ ༣༢ སོན་པ་བུད་མེད་རིན་ཆེན་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་རྡོ་རྗེ་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་རྔ་པ་རྫོང་གི་རང་ལོ་ ༡༨ སོན་པ་གྲྭ་དགེ་པེ་ལགས་བཅས་ཁྱོན་བོད་མི་སྐྱ་སེར་གྲངས་ ༢༧ གྱིས་རང་ལུས་མེར་སྲེག་བཏང་ཡོད། དེ་དག་གི་ཁྲོད་ནས་མི་གྲངས་ ༢༠ ཡིས་སྐུ་སྲོག་ཤོར་ཡོད་པ་དང་། གཞན་རྣམས་འདས་གསོན་གང་ཡིན་དང་ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད།
དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ རྒྱ་མིའི་ལོ་གསར་གྱི་དགའ་སྟོན་སྐབས་ནས་བོད་མི་ཚོས་མྱ་ངན་གྱི་ཞི་རྒོལ་བྱས་པས། རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མེ་མདའ་གང་བྱུང་བརྒྱབ་ནས་བྲག་འགོ་ནས་ཡིན་པ་ནོར་པ་ཡོན་ཏན་ལགས་དང་། ཡེ་ཤེས་རིག་གསལ་ལགས། ཡེ་ཤེས་བསམ་གྲུབ་ལགས། ལོ་བརྒྱ་ཚང་གི་བུ་བཅས་དང་། གསེར་རྟ་ནས་ཡིན་པ་པོ་པོ་ལགས་དང་། ཟླ་བ་གྲགས་པ་ལགས། ཛམ་ཐང་ནས་ཡིན་པ་ཨོ་རྒྱན་ལགས། གོ་ལོག་པདྨ་ནས་ཡིིན་པ་ཆོས་རིས་ལགས་བཅས་ཁྱོན་མི་གྲངས་ ༨ དམར་གསོད་བཏང་བ་དང་བོད་མི་གང་མང་ཞིག་ལ་རྨས་སྐྱོན་ཕོག་པ་ཤེས་རྟོགས་ཐུབ་ཡོད། ད་དུང་ལོ་འདིའི་ཟླ་ ༢ ཚེས་ ༨ ཉིན་ནང་ཆེན་དང་། ཁྲི་འདུ། རྫ་སྟོད། མགོ་ལོག ཆུ་ཆེན། འབྲི་རུ། ཆབ་ཆ་སོགས་སུའང་ལྷག་དཀར་སྲུང་བརྩི་དང་འབྲེལ་མི་མང་གིས་ཞི་རྒོལ་རིམ་པར་བྱུང་ཡོད་པ་དང་། གཞན་ཡང་བོད་ས་སྟོད་སྨད་གང་ས་ནས་ཞི་རྒོལ་གྱི་རྣམ་པ་འདྲ་མིན་ཐོན་བཞིན་ཡོད། རྒྱ་གཞུང་གིས་དེང་སྐབས་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་དང་། ལྷག་པར་དུ་ཞི་རྒོལ་འབྱུང་ཡུལ་ས་གནས་ཀྱི་དྲ་ལམ་དང་ཁ་པར་བརྒྱུད་ལམ་བཙན་བཀག་གིས་མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་སྟབས། བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ཇི་ཙམ་བསད་ཡོད་མེད་དང་བཙོན་འཇུག་མནར་གཅོད་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་མེད། བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ནི། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།
གྲོས་ཆོད།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་རྣམས་ཀྱིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། འཚིགས་སྲེག་དང་། རྨས་སྐྱོན་ཕོག་པ། རྒྱ་ནག་གི་འཛིན་བཟུང་བཀག་བསྐྱིལ་འོག་ཚུད་པ། སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་དང་། དེ་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་། འདས་གསོན་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་མངོན་འདོད་ལྟར། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ཚེས་ ༡༤ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་ཡུན་རིང་སྙུན་མནར་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༨ ཉིན་དགུང་གྲངས་ ༧༥ ཐོག་ Hradecek རང་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དམ་པ་ཁོང་ནི་ཕ་ Vaclav Maria Havel དང་མ་ Bozena Vavreckova གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༦ ཟླ་ ༨ ཚེས་ ༥ ཉིན་རྒྱལ་ས་པ་རག་ Prague ནང་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁོང་གིས་འཕྲུལ་ལས་སློབ་གྲྭ་ཞིག་དུ་སློབ་སྦྱོང་གནང་བ་དང་། ཕྱི་ལོ་ ༡༩༥༧ ནས་ ༡༩༥༩ བར་ལོ་ ༢ རིང་རྒྱལ་ཁབ་ཀྱི་ལམ་སྲོལ་ལྟར་དམག་སྦྱོང་དུ་འཛུལ་ཞུགས་གནང་། དམ་པ་ཁོང་ནི་སྐུ་ན་ཕྲ་མོའི་དུས་ནས་སྙན་ངག་དང་འཁྲབ་གཞུང་རིགས་སུ་ཐུགས་སྣང་དང་དགའ་མོས་ཆེན་པོ་གནང་མཁན་ཞིག་ཡིན། ཁོང་གིས་ལྗགས་རྩོམ་གནང་བའི་འཁྲབ་གཞུང་དག་རྒྱུན་ལྡན་གྱི་འཚོ་བ་བསྐྱེལ་སྟངས་སྐོར་ལ་གཞི་བཅོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཁོང་ལ་ཚད་མཐོའི་ཆེ་བསྟོད་གནང་བ་མ་ཟད་རྒྱལ་སྤྱིའི་སྟེང་གཟེངས་སུ་ཐོན་པའི་བྱ་དགའ་ཡང་སྣ་མང་ཐོབ་པ་བྱུང་ཡོད། གཞན་ཡང་དུས་ཡུན་སྔ་ཕྱི་བར་གསུམ་ལ་ཁོང་ནས་འཁྲབ་གཞུང་ཁག་གྲངས་ ༢༠ ལྷག་ལྗགས་རྩོམ་གནང་བ་དང་། ཁོང་གིས་ལྗགས་རྩོམ་གནང་བའི་འཁྲབ་གཞུང་ཁག་ལ་དམར་པོའི་སྲིད་གཞུང་ནས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཁྱབ་བསྒྲགས་མི་འགྲོ་བའི་བཀག་བསྡོམ་བྱས་པ་དང་། ཕྱི་ལོ་ ༡༩༧༩ ནས་ ༡༩༨༤ བར་ཁྱོན་ལོ་ ༥ རིང་ཆབ་སྲིད་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཀྱང་། བཙོན་ནས་ཕྱིར་ཐོན་རྗེས་མུ་མཐུད་ནས་ཆོད་སེམས་བརྟན་པོའི་ངང་མང་གཙོ་དང་དྲང་བདེན་ཆེད་ལས་འགུལ་བརྩམས་པས་མཐར་ཁོང་ལ་མི་མང་ནས་ཡིད་ཆེས་དང་བློ་གཏད་ཤུགས་ཆེ་ཐོབ་སྟེ། ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ བར་ Czechoslovakia ཡི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་དང་། སླར་ཡང་ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་ཡང་གནང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་སྣང་གཤིན་པོའི་མཛའ་འབྲེལ་བྱུང་བ་ནས་བོད་དོན་ཐོག་ལའང་ཐུགས་སྣང་ཅི་ཆེ་གནང་སྟེ་བོད་མིའི་རང་དབང་འཐབ་རྩོད་དང་། དྲང་བདེན། འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་མཛད་རྗེས་ཅན་གྱི་རླབས་ཆེན་གྱི་དབུ་འཁྲིད་ཞིག་དང་། རང་དབང་བསྐྱར་གསོའི་སླད་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བོད་མིའི་གྲོགས་པོ་བློས་ཐུབ་ཅིག་ཡིན་ཅིང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་དང་བཀུར་བསྟི་བླ་མེདགཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད། ཞུ་མཁན་གྱི་སྐྱེ་བོ་རླབས་ཆེན་ཞིག་ཀྱང་ཡིན།
གྲོས་ཆོད།
གོང་གསལ་སྐྱེས་མཆོག་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་ལ་གུས་བཀུར་ཆེ་བསྟོད་དང་འབྲེལ་བའི་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་སྐུ་ཚེ་མ་ཟིན་པ་འདིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཙོས་འཛམ་གླིང་སྤྱིར་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཅེག་གཞུང་མང་ཡོངས་དང་། ལྷག་པར་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་འདི་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུའི་ཐོག འདས་པོར་དཀོན་མཆོག་གི་བྱིན་འབེབས་གསོལ་འདེབས་དང་། གང་གིས་བརྩམས་གནང་མཛད་པའི་སྤྱི་སྨན་ལས་གཞི་འགངས་ཆེ་མཐའ་དག་མཇུག་འཁྱོངས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་བྱ་རྒོད་ཚང་སྲས་དོན་ཡོད་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༩ ཉིན་སྦིར་སྡེ་དགེ་གཞིས་ཆགས་སུ་དགུང་གྲངས་ ༧༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཕ་རྡོ་རྗེ་དང་མ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༧ ཟླ་ ༣ ཚེས་ ༡༠ ཉིན་ཁམས་སྡེ་དགེ་ཁུལ་དུ་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༨ ལོར་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་སྐབས་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བརྒྱུད་ཨ་རིར་དྲག་པོའི་དམག་སྦྱོང་དུ་བསྐྱོད་ཅིང་ལོ་དེར་ལྕགས་ར་དཔལ་འབར་ཕྱོགས་སུ་གནམ་གྲུ་ལས་མཆོངས་བབས་ཀྱིས་ལོ་གཅིག་རིང་ཁུལ་དེའི་ཡུལ་དམག་དང་ཡུལ་བྱོལ་བཙན་རྒོལ་བ་བཅས་ལ་གོ་ལག་རྫས་མདེལ་མཁོ་སྤྲོད་དང་། དམག་འཐབ་ནང་མཉམ་ཞུགས་ཀྱིས་རྒྱ་དམག་དང་འཐབ་འཛིང་གནང། ཕྱི་ལོ་ ༡༩༦༠ ལོར་བཙན་རྒོལ་བ་ཉུང་ཤས་ཤིག་དང་མཉམ་རྒྱ་གར་དུ་ཐེངས་གཉིས་པ་འབྱོར་ཏེ་ལོ་ཤས་རིང་དབྱིན་དགེ་ཟུར་བསྟེན་གྱིས་དབྱིན་ཡིག་སྦྱོང་བརྡར་གནང་། ཕྱི་ལོ་ ༡༩༦༤ ནས་ ༡༩༦༧ བར་མ་སུ་རི་རེ་ཀྲིང་སློབ་གྲྭར་སྐད་ཡིག་སློབ་སྦྱོང་གནང་། ཕྱི་ལོ ༡༩༦༨ ལོར་ཨ་རིར་མཐོ་སློབ་དུ་སློབ་སྦྱོང་ཆེད་ཕེབས་ཏེ་ Charman college, southern Calf college, university of Redlands California, U.S.A ནང་ཚོང་དོན་རིག་པ་དང་། དཔལ་འབྱོར་རིག་པའི་གཞུང་ལུགས་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༧ ལོར་རྒྱ་གར་དུ་ཕྱིར་འཁོར་བ་ནས་བཟུང་སྦིར་སྡེ་དགེ་གཞིས་ཆགས་ཀྱི་འགོ་འཛིན་གྱི་ལས་འཁུར་བཞེས་པ་དང་། དེ་མཚུངས་སུ་ཕྱི་ལོ་ ༡༩༧༧ ལོ་ནས་ ༡༩༩༤ བར་ཆུ་སྒང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང། ཕྱི་ལོ་ ༡༩༩༤ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་དུ་འདེམས་ཐོན་བྱུང་བ་ལྟར་ཕྱི་ལོ་ ༢༠༠༡ བར་ལས་གནས་དེ་གའི་ཐོག་ཞབས་འདེགས་ཞུས། བོད་མི་མང་སྤྱི་འཐུས་སྐབས་ ༨ པ་དང་ ༩ པ་གཉིས་བསྟུད་མར་མདོ་སྟོད་སྤྱི་འཐུས་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢༦ བར་སྐབས་ ༡༠ པའི་སྤྱི་འཐུས་དང་ཚོགས་གཞོན་གྱི་ལས་འཁུར་བཞེས་ཡོད། ཕྱི་ལོ ༡༩༩༣ ཟླ་ ༧ ཚེས་ ༡ ནས་བསྐྱར་དུ་སྦིར་སྡེ་དགེ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡༠ ནས་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༩ བར་དང་། ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡ ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༡ བར། དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༢ པའི་ཚེས་ ༢ ནས་སྐུ་མ་གཤེགས་བར་བཅས་སོ་སོར་སྦིར་སྡེ་དགེ་གཞིས་ཆགས་མང་ཚོགས་ནས་ས་གནས་འགོ་འཛིན་དུ་འོས་འདེམས་གནང་སྟེ་ལས་འཁུར་བཞེས་གནང་བ་དང་། དེ་བཞིན་ཕྱི་ལོ་ ༢༠༠༤ ལོར་སྦིར་ཅོན་ཏ་ར་བུ་ཁྱིམ་སློབ་གྲྭ་བཙུགས་པ་ནས་སྐུ་མ་གཤེགས་བར་སློབ་གྲྭ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར་བཞེས་ཡོད། ཁོང་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་རེད།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ཚེས་ ༡༤ ལ།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།