༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཉིན་ཇར་མན་རྒྱལ་ཡོངས་སུ་གྲོང་ཁྱེར་ཆེ་ཁག་དང་ས་གནས་གྲོང་སྡེ་ལས་ཁུངས། དེ་བཞིན་ས་གནས་རྫོང་ལས་ཁུངས་སོགས་ཁྱོན་གཞུང་གི་ལས་ཁུངས་མ་ལག་ཆེ་ཆུང་ཁག་ ༡༢༡༢ ཙམ་གྱི་ཕྱི་ནང་གང་སར་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད། རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༩༢ ལོར་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Tibet Initiative Deutschland) གོ་སྒྲིག་གནང་བ་ཞིག་ཡིན་འདུག ཚོགས་པ་དེའི་མགྲིན་ཚབ་པ་ལྕམ་སྐུ་མོ་ནི་ཀ་ཌེ་མན་ (Monika Deimann-Clemens) མཆོག་གིས་གསུང་དོན། བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྲུང་སྐྱོབས་བྱ་རྒྱུ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་བཏང་བ་སོགས་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་ཡོད། ད་ཆ་རྒྱལ་སྤྱིའི་ངོས་ནས་ཡུན་རིང་སྣང་མེད་དུ་འཇོག་པའི་བོད་ཀྱི་གནད་དོན་དེར་དོ་སྣང་སྤྲོད་རྒྱུའི་དུས་ལ་བབ་ཡོད། དེ་ལྟར་མ་བྱས་ན་བོད་ནང་གི་གནས་སྟངས་དེ་བས་ཛ་དྲག་ཏུ་འགྲོ་ངེས་ཡིན་པ་དང་དེའི་འགན་ཡང་ང་ཚོར་ཡོང་རྒྱུ་རེད། ཅེས་གསུངས་ཡོད། དེ་བཞིན་ཡུ་རོབ་ཀྱི་ཡུལ་ཁག་གཞན་དང་ཨ་རི་སོགས་པའི་ནང་བོད་མིས་གསུམ་བཅུའི་དུས་དྲན་བྱེད་ཉིན་དེར་བོད་དོན་ཆེད་རྒྱབ་སྐྱོར་གྱི་རྣམ་པ་མཚོན་སླད་བོད་ཀྱི་སེང་གེ་ཅན་གྱི་རྒྱལ་དར་དེ་ལས་ཁུངས་དང་རང་རང་སོ་སོའི་ཁང་པའི་ཡང་ཐོག་ཏུ་སྒྲེང་འཛུགས་གནང་སྟེ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་ཡོད།།
ཇར་མན་གྲོང་སྡེ་ལས་ཁུངས་ཁག་ ༡༢༡༢ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ།
གསར་གནས།
འབྲེལ་གནས།