༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སུད་སི་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༩ ཉིན་ཕྱི་སྲིད་བློན་ཆེན་མཆོག་གིས་ཇི་ན་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ ཐོག་གསུང་དོན། བོད་ནང་ཞི་འཇམ་མེད་པར་གནས་སྟངས་ཧ་ཅང་ཛ་དྲག་ཐོག་གནས་ཡོད་པ་མ་ཟད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་འབྱུང་བཞིན་པར་བརྟེན། ང་ཚོར་སེམས་འཚབ་ཇེ་ཆེར་འགྲོ་བཞིན་འདུག ཕྱི་ལོ་ ༢༠༡༡ ལོར་བོད་མི་ ༢༢ ནས་རང་ལུས་མེར་སྲེག་བཏང་བའི་ཐབས་ལམ་དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནས་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱེད་དགོས་པ་བཟོས་ཡོད། ཞེས་གསུངས།
ལྷག་པར་ཁོང་གིས་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་ཐོག་གླེང་སློང་གནང་དོན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༢༣ གིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་མི་ ༡༥ འདས་གྲོངས་སུ་གྱུར་ཡོད། ཅེས་གསུངས་ཡོད།
ཕྱི་ལོ་ ༢༠༡༡ ཟླ ༡༢ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རཀ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕྱི་སྲིད་བློན་ཆེན་མཆོག་གིས་མགྲོན་ཁང་ནང་མཇལ་འཕྲད་ཞུས་ཡོད།
ཕྱི་ལོ་ ༢༠༡༢ ཟླ ༢ ཚེས་ ༢ ཉིན་སུད་སི་སྐུ་ཚབ་དོན་ཁང་ནས་ཅེཀ་ཕྱི་སྲིད་བློན་ཆེན་མཆོག་གི་མཚན་ཐོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་སྐོར་འབོད་སྐུལ་ཞུ་ཡིག་གཅིག་ཕུལ་ཡོད་པའི་ནང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ནང་ཡོད་པའི་བོད་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རེ་བའི་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲོད་དགོས་ཞེས་བཀོད་ཡོད། དེ་བཞིན་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་བོད་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་སེལ་རྒྱུར་ནན་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་མ་ཟད།༼ཡོང་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་བོད་ནང་གི་གནས་སྟངས་ཐོག་བློ་འཚབ་དང་གླེང་སློང་གནང་སྐྱོང་ཡོང་བ་ཞུ༽ཞེས་འབོད་སྐུལ་ཞུས་ཡོད། དེ་བཞིན་ཇི་ནི་ཝར་ཡོད་པའི་ཅེཀ་གཞུང་ཚབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་ཡོད་ལས་བྱེད་དང་ཐུག་འཕྲད་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༡༩ པ་དེ་མ་ཚོགས་པའི་སྔོན་དོན་གཅོད་ལས་ཁུངས་ནས་ཕྱི་རྒྱལ་གཞུང་ཚབ་ཁག་ ༢༠ ཙམ་ལ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་འགྲེལ་བཤད་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག་པ་བཅས། །
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་གསུངས་པ།
གསར་གནས།
འབྲེལ་གནས།