༢༠༡༢ ཟླ་ ༣ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་ཐོག བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ ལྡན་ལགས་ཀྱིས། རོང་བོ་དགོན་པའི་སྒྲོལ་མ་ཐང་ཟེར་བ་དེ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་ མེར་སྲེག་བཏང་འདུག ཁོང་ནི་ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ཀྱི་སྲས་སུ་ཨ་མདོ་རེབ་གོང་ རྒྱལ་བོ་ལྡོང་ངེར་འཁྲུངས་ཤིང་། རང་ལོ་ ༣༤ ལ་སོན་ཞིང་རེབ་གོང་རོང་པོ་དགོན་ཆེན་དུ་སློབ་གཉེར་གནང་ནས་འཛིན་གྲྭ་འདུལ་བ་ རྙིང་པ་ཡིན་འདུག་པ་དང་། རང་ལུས་མེར་སྲེག་བཏང་མ་ཐག རྒྱ་ནག་གི་དམག་མི་དང་དགོན་པའི་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འཁྱེར་བ་དང་། དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་པའི་ནང་དུ་གདན་འདྲེན་ཞུས་ཏེ། ས་གནས་ཀྱི་སྐྱ་སེར་མང་པོ་ཞིག་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ། སྨོན་ལམ་གསུང་འདོན་གནང་བ་དང་སྐད་འབོད་རྒྱག་པ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཞེས་སོགས་༸གོང་ས་མཆོག་གི་གསོལ་འདེབས་དབྱངས་སུ་སྐྱོར་བ་དང། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། ཞེས་སྐད་འབོད་བརྒྱབ་ཡོད་འདུག ད་ལྟའི་སྐབས་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་ས་གནས་དེར་འབྱོར་ཏེ་ དགོན་པ་ཡོངས་སུ་བསྐོར་ནས་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད། ལས་འགུལ་དེ་བྱུང་བའི་རྗེས་སུ་དགེ་འདུན་ཆོས་འཕེལ་སློབ་འབྲིང་དང་། རེབ་གོང་རྫོང་མི་རིགས་སློབ་འབྲིང། ཡི་ཧྥ་སློབ་འབྲིང་བཅས་ཀྱི་སློབ་མ་ཚོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ འགོ་ཚུགས་པར་ས་གནས་ཉེན་རྟོག་པ་དང་དམག་མིས་བཀག་བསྡོམ་འོག སློབ་གྲྭའི་ར་སྐོར་ནང་འཛོམས་ནས་སྐད་འབོད་ཤུགས་ཆེར་བྱས་ཤིང། རེབ་གོང་རྫོང་ཐོག་དང་དེའི་གཡས་གཡོན་གྱི་སློབ་ཆུང་སློབ་མ་ཚོས་ཀྱང་ངོ་རྒོལ་ སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་སྐད་འབོད་གནང་མཁན་དགེ་འདུན་པ་འཇམ་དབྱངས་ དཔལ་ལྡན་ལགས་རང་ཤག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག
གཞན་ཡང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡས་མས་ལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་མི་རིགས་སློབ་འབྲིང་ གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་༢༥༠༠ ཙམ་གྱིས་རྩེ་ཁོག་རྫོང་ཁྲོམ་གཞུང་དུ་སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས་ཞེས་རྫོང་མི་དམངས་སྲིད་གཞུང་དང་རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་ནས་ངོ་རྒོལ་སྐད་འབོད་བྱས་པའི་ གནས་ཚུལ་ཐོན་སྐབས། དམག་མི་དང་ཉེན་རྟོག་པ་ཕོན་ཆེན་སླེབས་ནས་དྲག་ཤུགས་ངོམ་པའི་རྔམ་སྟོན་སྐོར་ བསྐྱོད་བྱས་ཏེ་དམ་དྲག་གི་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་ བཅས་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གནས་ཚུལ་བྱུང་རིམ་བཞིན་ གསར་འགོད་གསལ་བསྒྲགས་རིམ་སྤེལ་བྱས་དང་བྱེད་བཞིན་ཡོད་པ་དང། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་༡༦ ནས་ལོ་འདིའི་ཟླ་ ༣ ཚེས་ ༡༤ བར། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཕོ་མོ་དང་སྐྱ་སེར་དབྱེར་མེད་རྒན་གཞོན་དར་ གསུམ་མི་གྲངས་ ༢༨ བྱུང་ཡོད་པ་དང་དེའི་ནང་ནས་མི་གྲངས་ ༢༠ སྐུ་སྲོག་ཤོར་ཡོད། དེ་མིན་མང་ཆེ་བ་ད་ལྟའི་སྐབས་བཙོན་འཇུག་དང་བཀག་ཉར་ཁང་གང་ཞིག་ཏུ་ཡོད་མེད་ཤེས་ རྟོགས་ཐུབ་མེད་ལ། ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་ཐེབས་ཡོད་པའི་ཐོག རྒྱ་གཞུང་གིས་འདྲི་བརྩད་དང་མནར་གཅོད་བཏང་ནས་དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་ བུའི་དཀའ་སྡུག་གི་འོག་ནས་རིམ་གྱིས་སྐུ་སྲོག་ཤོར་བཞིན་ཡོད།
བོད་ནང་རང་ལུས་མེར་སྲེག་གིས་མཚོན་ས་གནས་གང་སར་སྦྱར་ཡིག་འགྲེམས་སྤེལ་དང་ ཞི་རྒོལ་སོགས་མང་པོ་བྱུང་དང་འབྱུང་བཞིན་ཡོད་རུང་། རྒྱ་གཞུང་གིས་བོད་མི་ཚོའི་དགོས་འདུན་ལ་བསམ་གཞིག་བྱེད་རྒྱུ་ལས་ལྡོག་སྟེ། བོད་ཀྱི་དགོན་སྡེ་ཁག་ཏུ་ལས་དོན་རུ་ཁག་མང་དུ་བཙུགས་ནས་རྒྱལ་གཅེས་ཆོས་གཅེས་ ཟེར་བའི་ལས་འགུལ་རྒྱ་བསྐྱེད་བྱས་པ། རྒྱ་ནག་གི་དཔོན་རིགས་རིམ་པའི་འདྲ་པར་བཙན་གྱིས་དགོན་པ་དང་གྲྭ་ཤག ཁྱིམ་ཚང་ཁག་ཏུ་འགྲེམས་འཇོག་བྱས་བཅུག་པ་སོགས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྣ་ ཚོགས་བྱེད་ཀྱི་ཡོད་པ་དང། དེ་བཞིན་ལོ་འདིའི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་བོད་ཀྱི་ས་གནས་ གང་སར་དྲག་ཆས་དམག་མི་འབོར་ཆེན་བཀྲམ་ནས། དམག་གི་སྦྱོང་བརྡར་གྱི་ས་ཚིགས་མང་པོ་བཙུགས་ནས་བོད་མིའི་ཐོག་དམག་རྒྱག་ཆོག་ ཆོག་བྱས་ནས་གནས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡང་ནས་ཡང་དུ། རྒྱ་ནག་གཞུང་གིས་ བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་དེ་ལ་བསྒྱུར་ བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་ཡོངས་རྫོགས་རྒྱ་ནག་གཞུང་རང་ཉིད་ཀྱིས་འགན་འཁྱེར་དགོས་ཞེས་ནན་བརྗོད་ བྱས་ཡོད་ལ་ད་དུང་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པ་འདིའི་ཐོག་ནས་དེ་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེར་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་ སྡེ་ཁག་གིས། བོད་ནང་གི་བོད་མི་དེ་དག་གི་རང་ལུས་མེར་སྲེག་བཏང་བའི་རྩ་ཆེན་གྱི་ལས་འགུལ་དེ་ དག་གོ་མེད་ཚོར་མེད་ངང་མ་བཞག་པར། དེ་དག་གི་མགྲིན་ཚབ་བྱེད་དེ་རྒྱ་ནག་གཞུང་ལ་བདེན་པའི་གནས་ལུགས་ར་སྤྲོད་བྱེད་ རོགས་ཞེས་ད་ལྟའི་བར་ཞུས་ཡོད་ལ། ད་དུང་ཡང་ཇི་སྲིད་བོད་ཀྱི་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དགོས་འདུན་མ་འགྲུབ་བར་ང་ཚོས་རེ་སྐུལ་ཞུ་ རྒྱུ་ཡིན། བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འདི་ནི། ༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་། རང་དབང་དགོས་པ་དེ་ཡིན་པས་འདི་ལྟར་ཞག་འགྱངས་ཉིན་ཕུད་བྱས་ནས་ངན་པ་རྒྱ་ཡན་དུ་ མ་བཏང་བར། གང་མགྱོགས་བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་ངེས་ཅན་ཞིག་ཐབས་འཚོལ་གནང་རོགས་ ཞེས་ཞུ་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན།