༢༠༡༢ ཟླ་ ༣ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་ཕ་བསོད་དོན་དང་མ་ ཉི་མ་གཉིས་ཀྱི་བུ། རང་ལོ་༢༠ ལ་སོན་པ་གྲྭ་བློ་བཟང་ཤེས་རབ་ལགས་ཀྱིས། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བདུན་པ་ཙམ་ལ་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་ མེར་སྲེག་བཏང་སྟེ། རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་དུས་ཐོག་ དེར་འདས་གྲོངས་སུ་གྱུར་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་སྐབས་འབོད་ཚིག་གང་ཞིག་བསྒྲགས་ཡོད་མེད་གསལ་པོ་གོ་ ཐོས་བྱུང་མེད་ཀྱང་། འདས་གྲོངས་སུ་གྱུར་མ་ཐག་བོད་མི་ཚོས་སྐུ་ཕུང་གདན་འདྲེན་ཞུ་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་བསླེབས་ཏེ་བཙན་འཕྲོག་བྱས་འདུག་པ་དང། མི་མང་གིས་ཕུང་པོ་ནང་མིར་ཕྱིར་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡང་། ཉན་འཇོག་མ་བྱས་པར་བཙན་ཁྱེར་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཤེས་རབ་ལ་ མིང་སྲིང་ ༣ ཡོད་པའི་ནང་ནས་འབྲིང་བ་དེ་ཡིན་འདུག་པ་དང་། ཁོང་རང་ལོ་ ༩ ཙམ་ནས་རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་དུ་ཆོས་ཞུགས་གནང་ཡོད་ཅིང་། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་གཉེར་བྱེད་དུ་སོང་ཡོད་ཀྱང་། ཟླ་འདིའི་ཚེས་ ༢༦ ཉིན་ཕྱིར་ཕ་ཡུལ་དུ་ལོག་འདུག་པ་དང་རྭ་རུ་བའི་དགོན་པར་དེང་སྐབས་གྲྭ་པ་ ༣༡ ཡོད་འདུག དོན་རྐྱེན་དེ་བྱུང་མ་ཐག་གཅའ་ཞང་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་ དྲག་ཤུགས་ཆེན་བྱས་ཡོད་ཅིང་། དེང་སྐབས་རྔ་པ་ཀིརྟི་དགོན་པའི་ལས་གནས་ཁ་གསལ་མེད་པའི་ལས་བྱེད་པ་ཡིན་ཟེར་བའི་ རྒྱ་གཞུང་གི་མི་སྣ་ ༣༠༠ ལྷག་གཏན་སྡོད་བྱས་ཤིང་། རྔ་པའི་སྟོད་སྨད་བར་གསུམ་དུ་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༡ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཤེས་རབ་ལགས་རང་ལུས་མེར་སྲེག་གིས་སྐུ་སྲོག་ ཤོར་མཁན་ ༢༢ པ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་ དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ་བོད་ཕྱི་ ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་ པ་དང་། དེ་ལས་ལྡོག་སྟེ་རྒྱ་གཞུང་གི་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ ཡོད་ཀྱི་གནས་ཚུལ་ལ། སྒྲོ་འདོགས་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་ཏེ་རྒྱལ་སྤྱི་དང་ལྷག་དོན་དྲང་བདེན་དང་རང་དབང་ལ་མོས་ པ་ཆེ་བའི་རྒྱ་མི་རིགས་ལ་མགོ་སྐོར་གཏོང་ཐབས་བྱས་ཏེ། བོད་རྒྱ་མི་རིགས་གཉིས་དབར་དབྱེ་འབྱེེད་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཞེ་ འཁོན་སློང་ཐབས་བྱེད་བཞིན་པ་དེ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་ བྱས་པ་ཞིག་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་ འགོད་བསྒྲགས་གཏམ་རིམ་སྤེལ་ནང་། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་ནན་བརྗོད་བྱས་པ་ལྟར། རང་ལུས་མེར་སྲེག་དང་མི་མང་གྱེན་ལངས་ཀྱི་ལས་འགུལ་རྒྱུན་ཆད་མེད་པ་ཡོང་བཞིན་ པས། རྒྱ་གཞུང་གིས་བོད་ཀྱི་གནད་དོན་ལ་བསམ་གཞིག་བྱེད་པའི་དུས་ལ་བབས་ཡོད། དེ་ལས་ལྡོག་སྟེ་ཞག་འགྱངས་ཉིན་ཕུད་ཁོ་ན་བྱས་ན་རི་ལུག་པ་ཐག་པས་མི་འདུམ་ཟེར་བ་ བཞིན། ཉིན་ཞིག་རྒྱ་ནག་གི་དཔོན་རིགས་དང་གཞུང་གཉིས་ཀ་དཀའ་ངལ་ཆེ་བའི་གནས་སུ་ལྷུང་ ངེས་ཡིན་ཞེས་ནན་བརྗོད་བྱེད་རྒྱུ་ཡིན། ལྷག་དོན་དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་གྱི་རྒྱལ་ས་ལྡི་ ལིར་རྒྱལ་ཁབ་ལྔ་ལས་གྲུབ་པའི་ཚོགས་འདུ་ཞིག་གི་ནང་ཆ་ཤས་ལེན་བཞིན་ཡོད་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་དེ་མིན་གྱི་རྒྱལ་ ཁབ་ཁག་གི་དཔོན་རིགས་ཚོར། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་བོད་ཕྱི་ནང་གཉིས་སུ་གཅིག་མཇུག་གཉིས་ མཐུད་ཀྱིས་རང་ལུས་མེར་སྲེག་གནང་དགོས་དོན། བོད་མི་ཚོའི་རེ་འདུན་གང་ཡིན་མིན་བཅས་ལ་ངེས་པར་དུ་གླེང་སློང་དང་བགྲོ་གླེང་ བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༩ ཉིན