༢༠༡༢ ཟླ་ ༣ ཚེས་༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ། མདོ་སྨད་རྔ་པ་ནས་ཡིན་པ་ཕ་མིང་ལ་ཡེ་ཤེས་དང་མ་ཚེ་སྒྲོན་ཞུས་པ་གཉིས་ཀྱི་བུ། རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས་རང་ལོ་ ༢༠ ལ་སོན་པ་ཁོང་གིས། རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ་སྟེང་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་འདུག་པ་དང་། སྐབས་དེར་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས། ཁོང་གིས་ཁ་ཕྱོགས་ཉེན་རྟོག་པའི་བསྐོར་ནས་ཡར་མར་གོམ་བགྲོད་བྱས་ནས་སྐད་འབོད་གནང་ཡོད་ཀྱང་། ཉེན་རྟོག་པ་ཞིག་གིས་བཅར་རྡུང་གིས་ཐང་ལ་འགྱེལ་བཅུག་ཡོད་འདུག དེ་ནས་ཉེན་རྟོག་པས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་པ་དང་། རླངས་འཁོར་གྱི་སྒྲོམ་ཤིང་ནང་དུ་གཡུགས་ཏེ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་། ཁོང་གིས་ལག་པ་གནམ་ལ་བཀྱགས་ཏེ་སྐད་འབོད་བྱས་ཡོད་པ་མཐའ་འཁོར་གྱི་མི་མང་གིས་ དངོས་སུ་མཐོང་འདུག འོན་ཀྱང་ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག
ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་ སྡེ་བའི་ཡེ་ཤེས་ཚང་གི་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་དེ་ཡིན་འདུག་ལ། ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་། ༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་ཉམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག དོན་རྐྱེན་འདི་བྱུང་བ་དང་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་ གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག ཁོང་གིས་རང་ལུས་མེེར་སྲེག་གནང་བ་འདི། དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ། རང་ལུས་མེར་སྲེག་གནང་སྟེ་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་དེ་ཆགས་ཡོད་ཅིང་། ད་ཐེངས་ཀྱི་རང་ལུས་མེར་སྲེག་འདི་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་༡༦ ནས་ལོ་འདིའི་ཟླ་ ༣ ཚེས་ ༡༦ ལོ་འཁོར་མ་གཅིག་གི་ནང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཕོ་མོ་དང་སྐྱ་སེར་དབྱེར་མེད་རྒན་དར་གཞོན་ གསུམ་མི་གྲངས་ ༢༩ བྱུང་ཡོད་པ་དང་དེའི་ནང་ནས་མི་གྲངས་ ༢༠ སྐུ་སྲོག་ཤོར་ཡོད་པ་རེད།
ད་ལྟའི་སྐབས་རང་ལུས་མེར་སྲེག་དང་སློབ་གྲྭའི་བོད་ཡིག་སློབ་དེབ་སོགས་རྒྱ་ཡིག་ནང་བསྒྱུར་སྒྲིག་གི་སྲིད་བྱུས་ལག་ བསྟར་བྱས་དང་བྱེད་བཞིན་པའི་གནས་ཚུལ་བཅས་ལ་བརྟེན་ནས། རེབ་གོང་དང་རྔ་པ་སོགས་ནས་དགེ་འདུན་ཆོས་འཕེལ་སློབ་འབྲིང་དང་། རེབ་གོང་རྫོང་མི་རིགས་སློབ་འབྲིང། ཡི་ཧྥ་སློབ་འབྲིང་སོགས་ཀྱི་སློབ་མ་ཚོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་གསལ་བསྒྲགས་རིམ་སྤེལ་བྱས་ནས། རྒྱ་ནག་གཞུང་དང་རྒྱལ་སྤྱི། རྒྱལ་ཁབ་དང་ཚོགས་སྡེ་ཁག་ལ་རེ་འདུན་ཞུ་བཞིན་པ་ལྟར། རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་བར་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་ གནས་ཚུལ་ལ་བསམ་གཞིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་རེ་སྐུལ་དང་ཟླ་འདིའི་ཚེས་ ༡༤ ཉིན་གྱི་རང་ལུས་མེར་སྲེག་དང་འབྲེལ་ནས། ད་ལྟའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོག་བཞིན་པ་དང་བསྟུན་ནས་ཁ་ཚ་ དགོས་གཏུག་གི་རེ་སྐུལ་ཞུས་ཡོད་པར་ཉན་འཇོག་བྱེད་རྒྱུ་ལས་ལྡོག་སྟེ། དྲག་ཆས་ཉེན་རྟོག་པ་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་སྔར་ལས་མང་བ་འགྲེམ་འཇོག་བྱས་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་ སོགས་རྒྱལ་ཁབ་འགས་བོད་ཀྱི་གནད་དོན་འདིའི་ཐད་གླེང་སློང་ཅུང་ཟད་བྱེད་བཞིན་ཡོད་རུང་། ད་དུང་ཡང་བོད་མི་ཚོས་ཡ་ང་བའི་རང་སྲོག་བློས་བཏང་གི་དཀའ་སྡུག་གི་འོག་ནས། ༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་དེ་ནི། བོད་མི་ཞིག་དང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་རང་ཆས་སུ་ཡོད་པའི་ཐོབ་ཐང་རྩོད་པ་ཞིག་ཡིན་པས་ངེེས་པར་དུ་བདེན་པའི་རྒྱབ་ལངས་བྱེད་རོགས་ཞེས་ནན་པོ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་མི་ཤི་གསོན་གཉིས་ཀྱི་ཚབ་བྱས་ནས། ཇི་སྲིད་བོད་ཀྱི་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དགོས་འདུན་མ་འགྲུབ་བར། རེ་སྐུལ་དང་འབོད་སྒྲ་བདེན་པའི་གནས་ལུགས་བརྗོད་རྒྱུ་ནི་ནམ་ཡང་མཚམས་འཇོག་བྱེད་མི་སྲིད་པས། དེ་དོན་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཡོངས་རྫོགས་ཀྱིས་བསམ་གཞིག་བྱེད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ ཉིན།