༢༠༡༢ ཟླ་ ༣ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཕྱི་ཚེས་ ༣༠ ཉིན་ཀེམ་བྷོ་ཌི་ཡར་(Cambodia)འབྱོར་རྒྱུ་ཡིན་པར་བརྟེན། ཀེམ་བྷོ་ཌི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སོན་ཆེ་(Son Chhay)མཆོག་གིས་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་འཛིན་ལ་ཞུ་སྙན་ཞིག་ཕུལ་བའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་མི་ཚོར་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་སྲིད་བྱུས་དེ་སྣང་མེད་དུ་འཇོག་ཐབས་མེད། བོད་མི་རྣམས་ནི་རང་གཤིས་འཇམ་ལ་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་ཡིན། ཁོང་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབས་སླད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་དེ་ནི་མི་འཚམ་པ་ཞིག་ག་ལ་ཡིན། སྲིད་འཛིན་མཆོག་གིས་བོད་ནང་དམ་བསྒྲགས་འཕྲལ་མར་ལྷོད་ཡངས་སུ་བཏང་སྟེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུས་ཐོག་གང་མགྱོགས་བཙན་བྱོལ་གཞུང་དང་འཆམ་མཐུན་གྱི་འབྲེལ་ལམ་འགོ་འཛུགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་གནང་སྟེ་བོད་མིའི་དཀའ་ངལ་སེལ་ཐབས་གནང་རོགས། ཞེས་སོགས་འཁོད་ཡོད་པ་མ་ཟད། བོད་མི་ཚོས་རྒྱ་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་ཆེད་ཕྱི་ལོ་ ༢༠༠༩ ཟླ་ ༢ ནས་ད་བར་བོད་མི་སུམ་ཅུས་ཞི་རྒོལ་ཆེད་བསྟུད་མར་རང་ལུས་མེར་སྲེག་བཏང་ཡོད་པ་མ་ཟད། དེའི་ཁོངས་ནས་གཞོན་སྐྱེས་ལོ་ན་ ༡༨ ཙམ་ལས་མ་སོན་པ་ཞིག་ཀྱང་ཡོད། ཁོང་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་སྤེལ་བའི་ཐོག་ནས་རང་གི་དཀའ་ངལ་རྣམས་འཛམ་གླིང་ཐོག་འདོན་ཐབས་བྱེད་བཞིན་ཡོད། ཅེས་སོགས་འཁོད་ཡོད། གྲོས་ཚོགས་འཐུས་མི་སྐུ་ཞབས་སོན་ཆེ་མཆོག་ནི་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢ སེ་ར་ཆོས་སྒར་དུ་ཚུགས་སྐབས་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས།།
ཀེམ་བྷོ་ཌི་ཡའི་གྲོས་ཚོགས་འཐུས་མི་ཞིག་གིས་སྲིད་འཛིན་ཧུའུ་ཅིན་ཐའོར་ཞུ་སྙན་བཏང་བ།
གསར་གནས།
འབྲེལ་གནས།