༢༠༡༢ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཕྱི་ལོ ༢༠༡༢ ཟླ ༣ ཚེས ༡༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད ༥ ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་དགེ་པེ་ལགས། རང་ལོ་ ༡༨ ། ཕ་མིང་ལ་ཕྱག་རྡོར་དང་མ་མིང་ལ་ཆཱ་ཁོ་ཡིན་པ་ཁོང་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་ས་གནས་དེ་ཀ་རང་ལ་འདས་གྲོངས་སུ་གྱུར་འདུག
ཁོང་གིས་རང་ལུས་མེར་སྲེག་གཏོང་ས་དེ་ཕྱི་ལོ་ ༡༩༥༠ ཙམ་ལ་ཆེས་ཐོག་མར་སླེབས་པའི་བཅིངས་འགྲོལ་དམག་མི་རྣམས་ཀྱི་དམག་སྒར་ལྟག་རྒྱབ་ཡིན་སྟབས། ཁོང་གི་ཕུང་པོ་དམག་མིས་དམག་སྒར་དུ་ཁྱེར་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མིར་ཁོང་གི་ཕུང་པོ་ཚུར་ནང་མི་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང་། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་བསྒྲགས་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། བོད་རང་གི་སྲོལ་རྒྱུན་གྱི་གཤིན་པོའི་ཆོ་ག་སྒྲུབ་ལུགས་ལྟར་གྱི་རྩིས་བརྒྱབ་ནས་སྐར་མ་ལྟ་བ་དང་སྐར་བཅོས་བྱེད་པ་སོགས་གང་ཡང་བྱེད་དབང་བྱུང་མེད། དགེ་པེ་ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་མ་ཆཱ་ཁོ་དང་ཕ་ཕྱག་རྡོར་གཉིས་ལ་སྐྱེས་པ་དང་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱི་ད་ལོ་ཁ་དོག་གོང་མའི་འཛིན་གྲྭར་སླེབས་ཡོད་འདུག ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་གོང་ནད་མནར་གྱིས་འདས་གྲོངས་སུ་ཡོད་འདུག་ལ། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་དགེ་གྲྭ་པ་གཉིས་ཏེ་ནང་མི་གསུམ་ཡོད་འདུག
ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོ་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་བཞིན་ཡོད་འདུག རྔ་པའི་བོད་མི་བྱིངས་ཀྱིས་ཕྱི་ཚེས་ ༡༢ ཉིན་མ་གཏོགས་གནས་ཚུལ་གསལ་པོ་གོ་མེད་ཅིང་ཕྱི་ཚེས་ ༡༢ ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་བསྒྲགས་ལྟ་སྲུང་བྱས་དང་བྱེད་མུས་ཡིན་འདུག་པ་བཅས། །
ཀིརྟི་དགོན་པའི་དགེ་འདུན་པ་དགེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་ སུ་གྱུར་བ།
གསར་གནས།
འབྲེལ་གནས།