༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་བཅུ་གཉིས་སློབ་ཐོན་ཁོངས་ནས་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་ ༢༥ དང་། སྒྱུ་རྩལ་སྡེ་ཚན་གྱི་སློབ་ཕྲུག་ ༢༥ བཅས་ལ་བྷུན་ཏར་དགེ་འོས་སློབ་ཁང་དུ་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང་ཞིག་གོ་སྒྲིག་ཞུ་གཏན་འཁེལ་བས་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༠ འགྱངས་མེད་ཞུ་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། འཛིན་རིམ་ ༡༢ རྒྱལ་ཡོངས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༥༠ ལོན་དགོས།
༢། འཛིན་རིམ་བཅུ་པ་དང་། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ་རྒྱུགས་ཞུགས་ངོ་སྤྲོད་ལག་འཁྱེར་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།
༤། ཕྱི་ལོ་ ༢༠༡༡ ལོའི་དཔྱ་ཁྲལ་བསྡུ་འབུལ་ཞུས་པའི་ངོ་བཤུས།
༥། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སབྱོར་ངོ་མ།
ཐུགས་སྣང་དགོས་པ།
༡། ཞུ་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ་ནས་པར་བཤུས་ཀྱིས་ཞིབ་བཀང་དགོས་རྒྱུ།
༢། ལོ་བཞིའི་སློབ་སྦྱོང་གི་དུས་ཡུན་རིང་མཐོ་རིམ་རིག་གནས་རབ་འབྱམས་དང་ལྷན་དུ་དགེ་འོས་སློབ་ཚན་བཅས་སློབ་མཐར་ཟིན་རྗེས། མཐོ་རིམ་རིག་གནས་རབ་འབྱམས་དང་དགེ་འོས་(B.Sc.B.Ed /B.A.B.Ed )སློབ་ཐོན་ལག་འཁྱེར་གནང་རྒྱུ།
༣། སློབ་ཡོན་དང་། ཟས་གྲོན། ལག་དངུལ་སོགས་ཤེས་རིག་ལས་ཁུངས་ནས་ནར་གཏོང་གནང་རྒྱུ།
༤། སློབ་ཐོན་མཚམས་ཉུང་མཐར་ལོ་ ༥ སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་དགོས།
༥། ཕྱི་ལོ་༢༠༡༢ ཟླ་ ༧ ཚེས་༡༥ ནས་འོས་སྦྱོང་འགོ་འཛུགས་བྱ་རྒྱུ།
༦། ཞུ་སྙན་ནང་འབྲེལ་ལམ་ཞུ་རྒྱུའི་ཁ་བྱང་དང་། ལག་ཐོག་ཁ་དཔར་ཨང་། ཨི་མེལ་ཁ་བྱང་འཁོད་དགོས།
༧། འོས་སྦྱོང་ནང་འཛུལ་བཞུགས་ཐོབ་རིགས་ལ་ཕྱི་ལོ་ ༢༠༡༢ ཟླ་༦ ཚེས་༧ འགྱངས་མེད་བརྡ་ལན་གཏོང་རྒྱུ་ཡིན།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༨ ལ།།
The Secretary
Department of Education, Central Tibetan Administration
Gangchen Kyishong
Dharamsala – 176215, Distt. Kangra, H.P. India
Fax: 01892 – 223481 Tel: 01892 – 222572/ 222721
Email: [email protected]
website: www.sherig.org