༢༠༡༢ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་བོད་ནང་བསྐྱར་དུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཤུགས་ཆེ་བྱུང།
ཕྱི་ཚེས་ ༡༩ ཉིན་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་ གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གནང་ནས་ཇོ་ནང་འཛམ་ཐང་དགོན་བསམ་ འགྲུབ་ནོར་བུ་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ གྱུར་འདུག རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱི་སྐུ་ལུས་ལ་མེ་འབར་བཞིན་པའི་སྐབས་ཁོང་གིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་པའི་འབོད་ཚིག་བསྒྲགས་ཡོད། དམ་པ་ཁོང་ལ་སྤུན་མཆེད་བརྒྱད་ཡོད་པའི་ནང་ནས་ཁོང་རང་བཞི་པ་དེ་ཡིན་འདུག གནས་ཚུལ་ཐོན་གསལ་ལྟར་ན་ཁུལ་དེར་རྒྱ་གཞུང་གི་ཉེན་རྟོག་པས་དམ་བསྒྲགས་ཤུགས་ཆེ་ བྱས་ཡོད་ཀྱང། སེར་སྐྱ་ཕོ་མོ་ཡོངས་ཀྱིས་ཁོང་གི་སྐུ་ཕུང་རྒྱའི་ཉེན་རྟོག་པའི་ལག་ནས་ཕྲོགས་ ཏེ་འཛམ་ཐང་དགོན་ཆེན་དུ་ཁྱེར་ནས་ཕོ་ལུང་དང་བསྔོ་སྨོན་སོགས་བཏོན་འདུག རྒྱ་གཞུང་གི་ཉེན་རྟོག་པས་དམ་བསྒྲགས་དང་འཇིགས་སྐུལ་བྱས་པར་བརྟེན་ཁོང་གི་སྐུ་ ཕུང་བོད་ནང་གི་དགོང་མོ་ཆུ་ཚོད་ ༡ ཐོག་ཞུགས་འབུལ་གནང་དགོས་ཐུག་ཡོད། སྐབས་དེར་སེར་སྐྱ་ཕོ་མོ་ ༡༠༠༠ བརྒལ་བ་འཛོམས་འདུག
བོད་ནང་ཞི་བའི་སྒོ་ནས་བོད་མིས་སྒེར་ལངས་དང༌། རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་དོན་རྐྱེན་གྱི་གནས་ཚུལ་སླར་ཡང་མི་ ཡོང་བའི་ཆེད་བོད་མི་རྣམས་ཀྱི་དངོས་ཡོད་དཀའ་ངལ་སེལ་ཐབས་སུ་རྒྱ་གཞུང་ནས་བཟང་ ཕྱོགས་ཀྱི་ཐབས་ལམ་ཞིག་ལག་བསྟར་བྱེད་དགོས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ རྒྱ་གཞུང་གི་འགོ་ཁྲིད་ཚོར་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས།།
༼མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽