༢༠༡༢ ཟླ་ ༢ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༦ ནས་ ༡༩ བར་ཉིན་གྲངས་བཞི་རིང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་སློབ་གཉེར་ཁང་(Indian istitute of Mass Communication) དུ་དབྱིན་ཡིག་གསར་འགོད་ལས་རིགས་ཐོག་གཙུག་ལག་སློབ་དཔོན་ལག་འཁྱེར་གྱི་སློབ་སྦྱོང་བྱེད་བཞིན་པའི་ལོ་རིམ་མཐའ་མའི་སློབ་མ་ཁག་གཅིག་ལ་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་གོ་སྒྲིག་གནང་ཡོད། སྐོར་སྐྱོད་ཀྱི་ལས་གཞི་འདི་བཞིན་འགོ་བརྩམས་དགོས་དོན་ནི་བོད་དང་བོད་མིའི་འཐབ་རྩོད་སྐོར་གོ་རྟོགས་དང་དོ་སྣང་གོང་འཕེལ་གཏོང་ཆེད་ཡིན་འདུག ཐེངས་འདིའི་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་འདིའི་ཐོག་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་ཁྱོན་གྲངས་ ༢༨ ཙམ་རྡ་སར་བོད་མིའི་སྒྲིག་འཛུགས་དང། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་ཚོགས་པ་གཞན་རྣམས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་ཐུག་འཕྲད་གནང་ཡོད། དེ་ཡང་ཉིན་དང་པོར་སློབ་ཕྲུག་རྣམས་ལ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་གིས་རྒྱ་གར་གཞུང་
དང། སློབ་གཉེར་ཁང། རོགས་སྐྱོར་ཚོགས་པ་བཅས་སོགས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་ཀྱིས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། ངོ་བོ། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད་ཅེས་གསུངས་ཡོད། དེ་བཞིན་ཁོང་རྣམས་ལ་རྡ་སྟེང་བོད་ཁྱིམ་གྱི་དབུ་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་བོད་ཁྱིམ་སློབ་གྲྭའི་སྐོར་དང་བོད་ཁྱིམ་སློབ་གྲྭ་འདིའི་ནང་བོད་ནས་ཕེབས་པའི་སློབ་མ་རྣམས་སློབ་འཇུག་བྱེད་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་གནང། ཕྱོགས་མཚུངས་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་དང། ཕྱི་དྲིལ་ཁོར་ཡུག་ཚན་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ་མཉམ་ཐུག་འཕྲད་གནང་ཡོད་པ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་དང་དབུས་སྨན་རྩིས་ཁང་དུའང་ཕེབས་ཡོད། སློབ་མ་རྣམས་ཀྱིས་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་འདི་ལྟ་བུ་གོ་སྒྲིག་གནང་བར་བསྔགས་བརྗོད་དང་འབྲེལ་སྐོར་སྐྱོད་འདིས་ཁོང་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་ཡང་འགྲེལ་བརྗོད་གནང་ཡོད། གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་སློབ་ཕྲུག་རྣམས་ལ་བོད་དང་འབྲེལ་བའི་དཔེ་དེབ་འགྲེམས་སྤེལ་གནང་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་གོང་གསལ་སློབ་གཉེར་ཁང་དེའི་སློབ་མ་རྣམས་ལ་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་ཐེངས་བརྒྱད་པ་དེ་ཆགས་ཡོད་པ་བཅས།།
འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་གསར་འགོད་ལས་རིགས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཁག་གཅིག་རྡ་སར་སྐོར་སྐྱོད་གོ་སྒྲིག་ཞུས་པ།
གསར་གནས།

འབྲེལ་གནས།
