༢༠༡༢ ཟླ་ ༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་ཐུང་མོང་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་དུས་དབང་ཐང་ཆེན་དུ་འཚོགས་སྐབས་མི་མང་འབུམ་གཅིག་དང་ལྔ་ཁྲི་བརྒལ་བ་རྣམས་ལ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། འདི་གར་ཕེབས་པའི་སྐྱབས་གནས་དགེ་འདུན་སྡེ་དང༌།
བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དམིགས་བསལ་བོད་ནས་ཕེབས་པའི་བོད་རིགས་སྤུན་ཟླ་རྣམ་པ། ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ཆོས་གྲོགས་རྣམ་པ། གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཕེབས་པའི་བོད་ཀྱི་གྲོགས་པོ་རྣམ་པ། དེ་བཞིན་མི་མང་རྣམ་པ། དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་བཀའ་དྲིན་ཆེ་སྐབས་དང་སྟབས་བསྟུན་རྟེན་མཆོག་སྤྱན་སྔར་མཆོད་འབུལ་སྨོན་ལམ་དུ་ཕེབས་པ་རྣམས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲི་ཞུ་གི་ཡིན། མཁྱེན་གསལ་ལྟར་འདས་པའི་མི་ལོ་དྲུག་ཅུ་ཉེ་བའི་རིང་རྒྱ་ནག་གཞུང་ནས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང༌། བོད་མི་ཚོས་སྡུག་སྦྱོང་མནར་གཅོད་མི་ཟད་པ་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་གཏོང་ཚུལ་གྱི་རྫུན་གཏམ་ཇི་ཙམ་སྤེལ་རུང་དོན་དངོས་ཐོག་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་གྱིས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག གོམས་སྲོལ། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་བཅས་ལ་གཏོར་བཤིག་ཚབས་ཆེ་ཕོག་དང་ཕོག་བཞིན་པར་བོད་མི་ཚོས་ཞི་བའི་སྒོ་ནས་སྒེར་ལངས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད།
ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་སེར་སྐྱ་རྒན་གཞོན་དབྱེར་མེད་ཀྱིས་རྒྱ་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་ལ་ཞི་བའི་སྒེར་ལངས་དང་བོད་ནང་རང་དབང་བསྐྱར་གསོ་དང༌། དེ་བཞིན་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་པར་རྒྱ་ནག་གཞུང་གི་འགོ་ཁྲིད་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱི་ཤེས་རྟོགས་ཐུབ་པ་བྱུང་ཡོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་མངོན་རྟོགས་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་མུ་མཐུད་མཁྲེགས་བཟུང་གི་སྲིད་བྱུས་ཁོ་ནས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཡོད། གྲོས་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་ཡོང་ཐབས་སུ་ང་ཚོས་འབད་བརྩོན་ཇི་ཙམ་བྱས་རུང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་མེད་པར་མི་གཞན་ནས་ཆ་འཇོག་བྱེད་མིན་ལ་མ་ལྟོས་པར་ཆེད་མངགས་འཛམ་གླིང་གང་སར་བདེན་པ་མ་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བཞིན་འདུག ལྷག་པར་ཆོས་བྱེད་དགོན་སྡེ་ཁག་ལ་དམིགས་བསལ་སྡང་ཟུག་གི་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས་ཆོས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་དང་སུན་གཙེར་ཐེ་བྱུས་གང་བྱུང་བྱེད་ཀྱི་ཡོད་སྟབས། སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་རྔ་པ་ཁུལ་དང་རྟའུ། གསེར་རྟ།
ཆབ་མདོ་སོགས་སུ་བོད་མི་མང་པོ་འཛིན་བཟུང་བཀག་ཉར་གྱི་གནས་སྟངས་ཛ་དྲག་ཇི་ཆེར་སོང་ཡོད། སྔ་ལོ་གཅིག་པུར་ང་ཚོས་ཤེས་རྟོགས་བྱུང་བར་བོད་རིགས་ན་གཞོན་བཅུ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད། དེ་ཡང་ ༡།དགེ་འདུན་པ་བློ་བཟང་ཕུན་ཚོགས་རང་ལོ་ ༢༡ དང༌། ༢།དགེ་འདུན་པ་ཚེ་དབང་ནོར་བུ་རང་ལོ་ ༢༩། ༣།དགེ་འདུན་པ་བློ་བཟང་སྐལ་བཟང་རང་ལོ་ ༡༨། ༤།དགེ་འདུན་པ་བློ་བཟང་དཀོན་མཆོག་རང་ལོ་ ༡༨། ༥།དགེ་འདུན་པ་བློ་བཟང་དབང་ཕྱུག་རང་ལོ་ ༡༧། ༦།མཁའ་དབྱིངས་རང་ལོ་ ༡༨། ༧།ཆོས་འཕེལ་རང་ལོ་ ༡༩། ༨།ནོར་བུ་དགྲ་འདུལ་རང་ལོ་ ༡༩། ༩།བཙུན་མ་བསྟན་འཛིན་དབང་མོ་རང་ལོ་ ༢༠། ༡༠།དགེ་འདུན་པ་ཟླ་བ་ཚེ་རིང་རང་ལོ་ ༣༨། ༡༡།བཙུན་མ་དཔལ་ལྡན་ཆོས་བཟང་རང་ལོ་ ༣༥། ༡༢།བསྟན་འཛིན་ཕུན་ཚོགས་རང་ལོ་ ༤༠ བཅས་ཡིན། ཡིད་སྐྱོ་བའི་དོན་རྐྱེན་དེ་དག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་འཚབ་ཆེན་པོ་མཛད་ཀྱི་ཡོད་པ་མཁྱེན་གསལ་རེད། ང་ཚོའི་ངོས་ནས་ཀྱང་སེམས་འཚབ་དང་སྦྲགས་བོད་ཀྱི་རྩ་དོན་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པའི་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་སྒྲིལ་དགོས་པའི་འབོད་སྐུལ་ཞུ་གི་ཡོད། གོང་གསལ་རང་ལུས་མེར་སྲེག་གཏོང་མཁན་བཅུ་གཉིས་ནས་བདུན་འདས་གྲོངས་སུ་གྱུར་ཟིན་པ་དང་ལྔའི་གནས་སྟངས་གར་སོང་ཆ་མེད་ཀྱི་གནས་སྟངས་སུ་གྱུར་འདུག
སྤྱིར་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་མཁན་ཡོངས་དང་ཡང་སྒོས་གོང་གསལ་འདས་གསོན་རྣམས་དང་ཁོང་ཚོའི་ཕ་མ་གཉེན་ཉེ་གཙོ་བོ་གྱུར་བའི་འཛིན་བཟུང་བཙོན་འཇུག་གི་དམ་བསྒྲགས་འོག་ཚུད་ཡོད་པའི་གཞིས་བཞུགས་སེར་སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང༌། བོད་དོན་བདེན་མཐའ་མྱུར་དུ་སེལ་བར་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་དེ་རིང་རེས་གཟའ་ལྷག་པའི་ཉིན་བདག་ཅག་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་བསྐུལ་བའི་མཆོད་འབུལ་སྨོན་ལམ་རྒྱས་པ་འདིེ་གཞུང་དམངས་གཉིས་ནས་གོ་སྒྲིག་ཞུས་པ་ཡིན། ད་རེས་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང༌། དེ་བཞིན་བོད་ཀྱི་ཆོས་ལུགས་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པས་དབུས་འདིར་ཕེབས་པའི་བླ་སྤྲུལ་རྣམ་པ་དང་འདུ་སྡེ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཆོས་རིག་ལས་ཁུངས་ནས་འབོད་སྐུལ་ཞུས་དོན་ལྟར། མཆོད་འབུལ་སྨོན་ལམ་གྱི་འགྲོ་གྲོན་ཆེད་མཐའ་མཚམས་ས་ཁུལ་ཁག་ཐེ་བའི་བཙན་བྱོལ་བོད་མི་གནས་ཡུལ་ཡོངས་དང་ལྷག་པར་གཞིས་བཞུགས་བོད་མི་རྣམས་ནས་དོ་ཁུར་ཆེ་བཞེས་ཀྱིས་རང་རང་གིས་བློས་བཅད་ལྟར་ཞལ་འདེབས་རྒྱ་ཆེ་གནང་འདུག་པ་མ་ཟད། ད་རེས་མཆོད་འབུལ་སྐབས་མི་ཚོགས་ཧ་ཅང་ཆེན་པོ་མཉམ་བཞུགས་གནང་འདུག་པས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིས་བོད་མི་རྣམས་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་ཡིན་པ་དང༌། གཞིས་བཞུགས་རྒྱ་ཆེའི་མི་མང་གིས་བོད་དོན་ཐོག་ཐུགས་ཁུར་རྒྱ་ཆེ་གནང་བཞིན་ཡོད་པ་མཚོན་གྱི་ཡོད། དེ་བཞིན་སྔ་ལོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་ ༡༠ པའི་ཚེས་ ༡༩ ལ་ཉིན་བརྒྱ་དུས་གཅིག་ཏུ་འཛམ་གླིང་གང་སར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུའི་འབོད་སྐུལ་ཞུས་པ་ལྟར། ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བར་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐུབ་པ་བྱུང་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག་ད་ལྟའི་ཆར་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་དང་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ལ་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་གོ་སྐབས་འདི་བརྒྱུད་བཀའ་ཤག་གིས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་ཅིང་ཐུགས་བཞེས་མ་ལུས་ལྷུན་གྱིས་འགྲུབ་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྨོན་འདུན་ཤུགས་དྲག་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།