༢༠༡༢ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་གཞུང་ལམ་དུ་རྨེའུ་རུ་མ་ཤང་དང་ཐག་ཉེར་ཡོད་པའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང་སྟོད་གོས་མ་གྱོན་པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་པ་དང་མ་ཎི་བཏོན་ནས་བསྡད་འདུག དེ་རྗེས་ཉིན་གུང་ཙམ་ལ་མར་མེ་ཁྲོམ་སྐོར་བྱེད་བཞིན་མར་ཞང་ཐོག་ཏུ་འགྲོ་སྐབས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བསླེབས་ཟིན་པ་རྣམས་ཀྱིས་མི་མང་གི་མདུན་བཀག་ཀྱང་། མི་མང་གིས་ཉན་འཇོག་མ་བྱས་པར་མ་ཟད། འདོན་བཞིན་པའི་མ་ཎིའི་སྒྲ་དབྱངས་གློ་བུར་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ངོ་བོར་གྱུར་ཡོད་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་གང་བྱུང་གཅར་རྡུང་དྲག་པོ་གཏོང་བཞིན་འཛིན་བཟུང་བྱས་ཏེ་མི་མང་ཁ་འཐོར་དུ་བཅུག་ཡོད་འདུག སྐབས་དེར་གནམ་མཚོ་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་འཛིན་བཟུང་གིས་རླངས་འཁོར་ཆེན་པོའི་ནང་བླུགས་ནས་བཙན་ཁྲིད་བྱས་ཡོད་པ་དང་། དེ་རྗེས་ནས་བཟུང་ཕྱི་ཚེས་ ༢༤ ཉིན་ད་དུང་མུ་མཐུད་ནས་རྨེའུ་རུ་མའི་ཞང་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་གྱིས་དམ་བསྒྲགས་བྱས་ཡོད་པ་མ་ཟད། སང་ཉིན་སྟེ་ཕྱི་ཚེས་ ༢༥ ཉིན་ནས་ཉིན་བཅོ་ལྔའི་རིང་འཚོགས་རྒྱུ་ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་སྐོར་དུ་འགྲོ་མཁན་གྱི་འབྲོག་པ་རྣམས་ལ་ཡང་གཅར་རྡུང་དང་འཛིན་བཟུང་བྱས་ཏེ་རྔ་པ་རྫོང་ཐོག་ཏུ་གཏོང་གི་མེད་པ་རེད།
དེ་བཞིན་ཕྱི་ཚེས་ ༢༣ ཉིན་སྔ་དྲོ་རྔ་པ་རྫོང་མཁར་ནས་དོན་དག་གང་ཡང་མེད་པའི་མི་མང་པོ་གློ་བུར་དུ་འཛིན་བཟུང་གིས་བཙན་ཁྲིད་བྱས་ཏེ་རྫོང་ཐོག་ནས་མི་མང་འགྲོ་ཐབས་བྱས་ཀྱང་། སྔ་དྲོའི་དུས་ཚོད་ ༡༡ ཙམ་ལ་སྐྱ་སེར་ ༣༠༠ ལྷག་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འདུ་འཛོམས་བྱུང་ཞིང་། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་དེ་མཚུངས་སུ་སླེབས་ཡོད་འདུག སྐབས་དེར་རྔ་པ་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཀྱིས་མི་མང་སྐོར་བ་བྱེད་པར་བཏང་བ་ལྟར་མི་མང་གིས་ལག་ཏུ་མར་མེ་དང་སྤོས་བཟུང་ཞིང་མ་ཎི་འདོན་བཞིན་རྔ་པ་ཀིརྟི་དགོན་པར་སྐོར་བ་བྱས་ཡོད་འདུག ཡང་དེ་རྗེས་དུས་ཚོད་ ༣ ཙམ་ལ་བསྐྱར་དུ་སྐྱ་སེར་ ༥༠༠ ལྷག་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འདུ་འཛོམས་བྱུང་ཞིང་སྔར་བཞིན་སྤོས་དང་མར་མེ་བཟུང་ནས་མ་ཎི་འདོན་བཞིན་རྔ་པ་ཀིརྟི་དགོན་པར་སྐོར་བ་བྱས་ཡོད་འདུག མར་མེ་ཁྲོམ་སྐོར་སྔ་ཕྱི་གཉིས་ཀར་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་པོས་མི་མང་གི་རྗེས་དེད་ནས་སོང་བ་མ་གཏོགས་གཅར་རྡུང་དང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མི་འདུག
ལོ་སྔོན་མར་འཛིན་བཟུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་སི་ཁྲོན་གྱི་མེན་ཡངས་བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་ཡང་། ཁོང་འཛིན་བཟུང་བྱས་པ་ནས་གཅར་རྡུང་མནར་གཅོད་དྲག་པོ་བཏང་སྟབས། ད་ཆ་ཁོང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ་བཙོན་ཁང་གིས་བདག་པོ་མ་ཐུབ་པའི་གནས་སྟངས་སུ་ལྷུང་སྐབས་གཞི་ནས་གློད་བཀྲོལ་བཏང་འདུག་པ་ཕྱི་ཚེས་ ༢༢ ཉིན་རྔ་པ་ཀིརྟི་དགོན་པར་འབྱོར་ཡོད་ཅིང་། ཁོང་གི་ལུས་ཀྱི་སྨད་ཕྱོགས་འགུལ་བསྐྱོད་ཅུང་ཙམ་ཡང་རྒྱག་མི་ཐུབ་པར་མ་ཟད། སྐད་ཆ་ཡང་ཧ་ཅང་ཉུང་ཉུང་རེ་ལས་བཤད་མི་ཐུབ་པའི་གནས་སུ་ལྷུང་ཡོད་འདུག ཁོང་དགོན་པར་སླེབས་རྗེས་སྐྱ་སེར་ཧ་ཅང་མང་པོ་ཁ་བཏགས་འཐེན་པ་དང་འཚམས་འདྲིར་འགྲོ་གི་ཡོད་འདུག དགོན་པར་སླེབས་ནས་ཉིན་གཉིས་ཀྱི་རིང་སྨན་བཅོས་མཐུན་རྐྱེན་གང་འདྲ་བྱུང་ཡོད་མེད་ཤེས་རྟོགས་མ་ཐུབ།སྤྱིར་བཏང་བྱས་ན་ཕྱི་ཚེས་ ༢༣ ཉིན་སྟེ་ཨ་མདོ་ཕྱོགས་ཀྱི་ལོ་གསར་ཚེས་གཅིག་ཡིན་ཡང་ནམ་རྒྱུན་ལྟར་ལོ་གསར་སྐབས་སྤྲོ་སྐྱིད་ཀྱི་རྣམ་པ་རྩ་བ་ནས་མེད་པར་མ་ཟད། དུས་ཚིགས་དེ་མྱ་ངན་བྱེད་པའི་དུས་ཚིགས་ཤིག་ལ་བརྩིས་ནས་རྔ་པའི་ཕྱོགས་ཀྱི་མི་མང་ཕལ་ཆེར་བ་སྡེ་བ་རང་རང་གི་སྤྱི་ཁང་དང་སྡེ་བའི་ལྷ་ཁང་སོགས་སུ་འཛོམས་ནས་མཆོད་མེ་སྒྲོན་པ་དང་མ་ཎི་འདོན་པའི་ལས་སུ་ཉིན་ཧྲིལ་པོ་བཏང་ཡོད་འདུག་ཀྱང་། སྡེ་བའི་ནང་ཞང་སྲིད་གཞུང་གི་ལས་ཁུངས་ཡོད་ས་ཁག་ལ་མཆོད་མེ་སྒྲོན་པ་དང་མ་ཎི་འདོན་པ་ཙམ་ལ་ཡང་བཀག་འགོག་གིས་བསམ་པ་ཇི་བཞིན་སྒྲུབ་ཐུབ་མི་འདུག ཨ་མདོ་རྔ་པའི་ཕྱོགས་སུ་མྱ་ངན་གྱི་རྣམ་པ་མཚོན་པའི་ཡུལ་སྲོལ་མང་པོ་ཡོད་པའི་ནང་ནས་མངོན་གསལ་དོད་ཤོས་དང་ཡོངས་ཁྱབ་རང་བཞིན་ཅན་དཔེར་ན། དཔྱིད་ཀ་ཁང་པ་ལ་དཀར་རྩི་མི་བྱུགས་རྒྱུ། དབྱར་ཁ་གླིང་ཀ་མི་གཏོང་རྒྱུ། སྟོན་ཁ་ནས་སྟོན་དང་དབྱར་སྟོན་མི་གཏོང་རྒྱུ། དགུན་ཁ་ལོ་གསར་མི་གཏོང་རྒྱུ་རྣམས་ཡིན་པ་ལྟར་དུས་ཚིགས་རེ་རེ་ལ་ཡུལ་སྲོལ་གྱི་མྱ་ངན་བྱེད་སྟངས་
འདི་དག་རྔ་པའི་སྟོད་སྨད་བར་གསུམ་གྱི་དགོན་གྲོང་ཚང་མས་བརྩི་སྲུང་བྱས་ནས་ལོ་རྙིང་པ་ཕར་བསྐྱར་ཞིང་། མ་ཎིའི་དབྱངས་རྟ་དང་མར་མེའི་འོད་ངོགས་ནས་བསྐྱར་ཟློས་སུ་སོང་བའི་ཁྲག་དང་མིག་ཆུའི་ལོ་གསར་པ་ཞིག་ལ་གོམ་པ་དང་པོ་སྤོས་ཡོད་འདུག
ཉིན་དེར་རྨེའུ་རུ་མའི་ནང་ནས་ངོ་རྒོལ་སྐད་འབོད་སྐབས་དང་དེ་རྗེས་བཅས་སུ་དམག་མིས་འཛིན་བཟུང་བྱས་པ་གནམ་མཚོ་དགོན་པའི་བླ་མ་རྡོ་རྗེ་འཛིན་པ་པདྨ་རྡོ་རྗེ་འཆང་སོགས་དགེ་འདུན་པ་སྐོར་ཞིག་དང་། གནམ་མཚོ་མའི་གཏོ་རུ་སྡེ་བའི་འབྲུག་ཐོ་ཚང་གི་བུ་ལོ་བརྒྱ། རང་ལོ་ ༣༡ ཙམ་དང་། ཁོང་གི་སྲིང་མོ་བྱམས་པ་གཉིས། རུ་ཆེན་དང་པོའི་འཇིགས་མེད་ཚང་གི་བུ་བློ་བཟང་སྐེ་ཡོ། རང་ལོ་ ༣༥ ཡིན་པ་ཁོང་དང་། ཚེ་བརྟན་ཚང་གི་ཚེ་བརྟན། རང་ལོ་ ༤༣ ཙམ་ཡིན་པ་ཁོང་གཉིས། དེ་བཞིན་རུ་ཆེན་གཉིས་པའི་ཚེ་པེ་རྡོ་རྗེ་དང་། ནམ་དོན། རྒྱ་སྟོད་ཚང་གི་རྒྱ་འཇིགས། རང་ལོ་ ༤༤ ། ཨ་བ་ཚང་གི་རྡོ་རྗེ། རང་ལོ་ ༣༤ ཡིན་པ་ཁོང་སོགས་མི་སྐྱ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག་ལ། དེ་མིན་ཁ་སང་ནས་དེ་རིང་བར་རྨེའུ་རུ་མའི་མི་སྐྱ་ཕོ་མོ་བརྒྱ་ཡས་མས་གར་སོང་ཆ་མེད་གྱུར་ཏེ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིན་མེད་པ་དང་། ཨ་བ་ཚང་གི་རྡོ་རྗེ་དང་ཕ་མ་གཅིག་པའི་སྤུན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་སངས་རྡོར། རང་ལོ་ ༢༤ ཡིན་པ་ཁོང་དང་དེ་མིན་གྱི་ཀིརྟི་དགོན་པའི་དགེ་འདུན་པ་གཞན་ཞིག་ཀྱང་སྐབས་དེར་རྨེའུ་རུ་མའི་ནང་ནས་འཛིན་བཟུང་བྱས་ཡོད་འདུག རྔ་པ་རྫོང་མཁར་ནས་མཐའ་བ་གོང་མའི་བྷུ་ངྷ་སོགས་ཕོ་གསར་བཅུ་དོན་མེད་དུ་འཛིན་བཟུང་བྱས་ཡོད་འདུག ཡང་ཉིན་དེར་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་དགོན་གྲོང་གི་སེར་སྐྱ་ ༡༠༠༠ ཡས་མས་ཚོ་བདུན་
དགོན་པར་འདུ་འཛོམས་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ནས་དགོང་མོའི་ཆུ་ཚོད་ ༨ བར་མར་མེ་ཁྲོམ་སྐོར་གནང་ཞིང་། མར་མེ་ཁྲོམ་སྐོར་གྱི་རྗེས་སུ་འབར་ཁམས་ཁུལ་ནས་ཉེན་རྟོག་དཔོན་སོགས་མཐོ་རིམ་ལས་བྱེད་པ་དང་། ཉེན་རྟོག་པ་མང་པོ་ཞིག་དགོན་པར་འབྱོར་ཡོད་འདུག ཕྱི་ཚེས་ ༢༤ ཉིན་རྒྱལ་རོང་ཚོ་བདུན་དགོན་གྲོང་ཐུན་མོང་གིས་རྩེ་སྟོད་རྒྱུའི་ཡུལ་སྲོལ་ཞིག་ཡོད་པ་དགོན་པ་དང་ཚོ་བ་བདུན་གྱི་ཚོ་དཔོན་རྣམས་ཀྱིས་གྲ་སྒྲིག་ཚང་མ་བྱས་ཚར་ཡོད་ནའང་། རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་ལ་རྩེ་སྟོད་བཅུག་མེད་པ་བཅས།