༢༠༡༢ ཟླ་ ༡ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་རིང་མིན་གསུམ་བཅུའི་དུས་དྲན་གྱི་དུས་ཚིགས་སྐབས་བོད་དེ་ཕྱི་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་དུ་འགྲོ་བསྐྱོད་བྱ་རྒྱུའི་རང་དབང་ལ་དམ་བསྒྲགས་བྱས་ཏེ་བོད་དེ་བཞིན་ཧ་ལ་འཛམ་གླིང་ཕྱི་ལ་སྒོ་རྒྱག་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
དེ་ཡང་ལྷ་ས་གཞོན་སྐྱེས་ཡུལ་སྐོར་སྤྲོ་འཆམ་འགྲིམ་འགྲུལ་ཁང་གི་རྒྱ་རིགས་ལས་བྱེད་པ་ཡུ་ཇིས་(Yu Zhi) འགྲེལ་བརྗོད་གནང་དོན་ལྟར་ན། འགྲིམ་འགྲུལ་མི་སྣ་ཚོར་ལྷ་སར་ཡོད་པའི་ས་གནས་རྒྱ་ནག་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པའི༝་འཛིན་སྐྱོང་སྡེ་ཚན་གྱིས་རིང་མིན་ཕྱི་ཟླ་ ༢ ཚེས ༢༠ ནས་ཕྱི་ཟླ་ ༣ ཚེས་ ༣༠ བར་ཕྱི་རྒྱལ་གྱི་སྤྲོ་འཆམ་པ་རྣམས་བཀག་འགོག་བྱེད་རྒྱུའི་བརྡ་ལན་སྤྲད་ཡོད། ཅེས་འགྲེལ་བརྗོད་བྱས་འདུག དེ་བཞིན་རང་མིང་གསལ་བཏོན་བྱེད་འདོད་མེད་པའི་འགྲིམ་འགྲུལ་ལས་བྱེད་བུད་མེད་གཅིག་གིས་ཨེ་པི་གསར་སྤེལ་ཁང་ལ་འགྲེལ་བརྗོད་གནང་དོན། བཀག་བསྡོམས་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དུས་བཀག་ཚད་འཛིན་གྱི་བོད་རང་སྐྱོང་ལྗོངས་ཁུལ་གཙོས་བོད་མིའི་སྡོད་གནས་ཁག་ཏུ་རྒྱ་ནག་གཞུང་གི་ཕྱི་རྒྱལ་བ་འགྲོ་རྒྱུར་བཀག་བསྡོམས་བྱེད་རྒྱུའི་དུས་ཚིགས་དེ་བཞིན་བོད་ཀྱི་ལོ་གསར་དང་། གསུམ་བཅུའི་དུས་དྲན། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་གཙོ་བོར་གྱུར་བའི་མདོ་དབུས་ཁམས་གསུམ་ནང་ཞི་རྒོལ་བྱུང་བའི་དུས་ཚོད་གལ་གནད་ཅན་ཞིག་དང། ཡང་སྒོས་སུ་མདོ་སྨད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བའི་དུས་ཚིགས་ཤིག་ཀྱང་ཁེལ་གྱི་ཡོད། སྤྱིར་རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཞེས་པའི་བོད་ཀྱི་ས་ཁུལ་ཁག་གཅིག་ཕྱིར་ཕྱོགས་སུ་སྒོ་བརྒྱབ་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ཁག་འགྲེལ་བརྗོད་བྱས་མེད་ཀྱང་། ཕྱི་ཕྱོགས་མི་སྣ་ཚོས་བོད་ནང་རྒྱ་གཞུང་གི་ཁ་གཏད་དུ་སྤེལ་སྲིད་པའི་ལས་འགུལ་ཁག་ལ་བདེན་དཔང་འགྱུར་བའམ། ཡང་ན་བརྒྱུད་གྲགས་སོགས་ལ་བཀག་འགོག་བྱེད་རྒྱུ་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད། དེ་བཞིན་ལྷ་སར་ལས་ཀ་བྱེད་མཁན་ཡུ་(Yu)ཞེས་པའི་རྒྱ་མི་རིགས་ཤིག་གིས་བརྗོད་དོན། ང་ཚོས་བརྡ་ཐོ་དེ་རིགས་ཡིག་ཐོག་མཐོང་མེད་ཀྱང་དེ་ནི་སྔ་ལོ་ལྟར་འཆར་ཅན་གྱི་བཀག་བསྡོམས་ཤིག་རེད། ང་ཚོར་དེའི་རྒྱུ་མཚན་འགྲེལ་བརྗོད་བྱས་མ་བྱུང། འོན་ཀྱང་དེ་ནི་ཕལ་ཆེར་བོད་ཀྱི་ལོ་གསར་ཁེལ་གྱི་ཡོད་པའི་རྐྱེན་གྱི་ཡིན་སྲིད་པ་རེད། ཅེས་འགྲེལ་བརྗོད་བྱས་ཡོད། གཞན་ཡང་ལྷ་ས་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཀྱི་ལས་བྱེད་སྐྱུ་མ་ཞིག་གིས་དེ་ལྟ་བུའི་བཀག་བསྡོམས་ཡོད་པར་ཁས་ལེན་བྱས་མེད་པ་མ་ཟད། ཁོ་མོའི་མིང་བརྗོད་རྒྱུར་ཡང་དོགས་ཟོན་བྱས་འདུག རྩ་བའི་རྒྱ་ནག་གཞུང་གི་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཐོག་བཀོད་བསྡོམས་མང་པོ་ཞིག་ངག་ཐོག་ནས་བྱེད་རྒྱུའི་དར་ཁྱབ་ཆེན་པོ་ཡོད་པ་ཡོངས་གྲགས་སུ་གྱུར་ཡོད་པ་བཅས།།
རྒྱ་གཞུང་གིས་བོད་ནང་དུ་ཕྱི་མི་འགྲོ་འོང་གི་རང་དབང་ལ་དམ་བསྒྲགས་བྱ་རྒྱུའི་གནས་ཚུལ་ཐོན་པ།
གསར་གནས།
འབྲེལ་གནས།