༢༠༡༢ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡཱ་ཨོ་ཏེ་རོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་ཚོར་མུ་མཐུད་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་ཏུ་བོད་རིགས་གནས་སྡོད་ས་ཁུལ་ཁག་གི་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་ལྷག་པར་ཟི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དུ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་བོད་མི་རྔམ་སྟོན་བྱེད་མཁན་ཁག་གཅིག་ལ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ་མ་ཟད། བོད་མི་འགར་རྨས་སྐྱོན་བཏང་བ་སོགས་ཀྱི་གནས་ཚུལ་ཐོན་པར་ངོས་ཧ་ཅང་སེམས་ཚབས་ཆེན་པོ་འདུག གནས་ཚུལ་འདི་ནི་ཟླ་བ་འདིའི་ཟླ་འགོར་བོད་མི་བཞིས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་བྱུང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བོད་ནང་དུ་བོད་མི་དགེ་འདུན་པ་གཙོ་བོར་གྱུར་བའི་གྲྭ་ཟུར་དང་། དེ་བཞིན་བཙུན་མ་གཉིས་བཅས་ད་བར་ཁྱོན་བོད་མི་གྲངས་ ༡༦ གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བསྟུད་མར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་ཕན་པ་ལས་གནོད་པ་ཆེ་བའི་སྲིད་བྱུས་དེར་བཅོས་བསྒྱུར་གཏོང་དགོས་པ་ཨ་རིའི་གཞུང་གིས་ཛ་དྲག་ཐོག་རྒྱ་ནག་གཞུང་ལ་རེ་འདུན་ཡང་ཡང་བཏོན་ཡོད། སྲིད་བྱུས་དེས་བོད་མི་ཚོར་དཀའ་ངལ་བཟོ་རྒྱུ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་ཉེན་ཁ་བཟོ་བཞིན་ཡོད།
ངས་སྔོན་ནས་བརྗོད་པ་ལྟར་སྲིད་བྱུས་དེའི་འོག་རྒྱ་ནག་གཞུང་གིས་བོད་པའི་དགོན་སྡེ་ཁག་གི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བོད་མི་ཚོའི་ཆོས་དད་ཐོག་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་དཔེར་ན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང། དགོན་སྡེ་ཁག་གི་ནང་རྒྱ་མིའི་ཉེན་རྟོག་དམག་མི་གཏན་འཇགས་འཇོག་རྒྱུ། ཕྱོགས་གང་སར་པར་ཆས་བཙུགས་ཏེ་སོ་བལྟ་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ། བཙན་ཁྲིད་ཀྱིས་བཀག་ཉར་བྱ་རྒྱུ། བོད་མི་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་ཚོ་དང་གཉེན་ཉེ་རྣམས་ལ་དམ་བསྒྲགས་དང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་སྟངས་ཆགས་ཡོད། ཕྱོགས་མཚུངས་བོད་མི་རྩོམ་པ་པོ་དང་སྒྱུ་རྩལ་བ། ཤེས་ཡོན་མི་སྣ། རིག་གཞུང་གཅེས་འཛིན་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་དང་ཁྲིམས་ཁང་གི་ལས་བྱེད་སོགས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཡོད། ང་ཚོས་རྒྱ་ནག་གཞུང་གིས་རྒྱ་ནག་མི་སེར་སྤྱི་ཡོངས་ལ་ཁྱབ་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུ་མ་ཟད། རྒྱ་མིའི་ཉེན་རྟོག་པ་ཚོས་དམ་བསྒྲགས་འཕྲལ་དུ་མཚམས་འཇོག་གིས་བོད་མི་གནས་སྡོད་ས་ཁུལ་ཁག་གི་ནང་དུ་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། དེ་བཞིན་འབྲེལ་ཡོད་རྟོག་ཞིབ་ཚོགས་པ་སོགས་འགྲོ་བསྐྱོད་འཇུག་དགོས་པའི་རེ་འདུན་ཞུ་རྒྱུ་དང། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དོན་འབྲས་སོན་པའི་གྲོས་མོལ་རྒྱུན་སྐྱོང་ཐོག་བོད་མིའི་དཀའ་ངལ་སེལ་ཐབས་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་བཅས།།
བོད་མི་ཁག་གཅིག་དམར་གསོད་བཏང་བ་དང་ཁག་གཅིག་ལ་རྨས་སྐྱོན་ཕོག་པའི་གནད་དོན་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡཱ་ཨོ་ཏེ་རོ་མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བ།
གསར་གནས།
འབྲེལ་གནས།