༢༠༡༢ ཟླ་ ༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༡།༢༢ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དེ་བཞིན་ནང་སྲིད་དྲུང་འཕར་དོན་གྲུབ་རྡོར་རྗེ་ལགས་བཅས་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་ཕེབས་ཏེ་བོད་མི་སྟོང་ཕྲག་གཅིག་ཁེ་ཎ་ཌར་གནས་སྤོ་བྱ་རྒྱུའི་གཞུང་འབྲེལ་ལས་གཞི་(Canadian Tibetan Resettlement Project)དབུ་འཛུགས་གནང་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་ཨ་རུ་ནཱ་ཅལ་པར་ཌེ་ཤི་མངའ་སྡེའི་ཁུལ་དུ་བོད་མི་གནས་སྡོད་ཀྱི་ས་ཁུལ་མེའོ་དང་ཏི་ཛུ། བསྟན་འཛིན་སྒང། ཊུ་ཊིང་བཅས་ཀྱི་འགོ་འཛིན་མི་གྲངས་ ༣༠ བསྡུ་བསྐོང་གནང་སྟེ་ལས་གཞི་དངོས་སུ་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད། ལས་གཞི་ལྟར་ན་འཆར་ལོའི་ལོ་ལྔའི་རིང་རྒྱ་གར་འབྲེལ་ཡོད་ས་ཁུལ་ཁག་བཞི་ནས་ཁེ་ཎ་ཌར་བོད་མི་ ༡༠༠༠ གནས་སྤོ་བྱ་རྒྱུ་དང། ལས་གཞི་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༧ ལོར་ཁེ་ཎ་ཌའི་སྲིད་བློན་སྐུ་ཞབས་སི་ཊེ་ཕན་ཧར་པར་མཆོག་ལ་འབོད་སྐུལ་མཛད་པའི་མཛད་རྗེས་ཤིག་ཡིན་འདུག
དེ་ཡང་བཀའ་ཁྲི་མཆོག་གིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཁེ་ཎ་ཌར་བོད་མི་གནས་སྤོ་བྱ་རྒྱུའི་ལས་གཞིའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་གནང་བ་མ་ཟད། ལོ་ལྔའི་རིང་ལས་གཞི་དེ་བཞིན་ལག་བསྟར་ཇི་འདྲ་བྱ་རྒྱུ་དང། ལས་གཞིའི་ངོ་བོ། དེ་བཞིན་མི་སྣ་འདེམས་སྒྲུག་རྒྱག་སྟངས་སོགས་ཀྱི་སྐོར་ལ་ཞིབ་ཕྲ་གསལ་བཤད་གནང་ཡོད། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ལས་ཁུངས། དེ་བཞིན་ཁེ་ཎ་ཌའི་གཞུང་འབྲེལ་མིན་པའི་བོད་ཀྱི་འཆར་འགོད་ཚོགས་པ་(Project Tibet Society)ཞེས་པ་དང་འབྲེལ་མོལ་ཐོག་ལས་གཞི་དེ་བཞིན་ལག་བསྟར་གནང་འཆར་ཡོད་འདུག རྒྱ་གར་ནང་དུ་དངོས་སུ་ལས་གཞི་ལག་བསྟར་སྐབས་རྒྱ་གར་ནང་དུ་རྟེན་གཞི་བྱས་པའི་བོད་ཀྱི་འཆར་འགོད་ཚོགས་པའི་ཚོགས་མི་ལྔ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས། དེ་བཞིན་ཏི་ཛུ་དང། མེའོ། བསྟན་འཛིན་སྒང་བཅས་ཀྱི་ས་གནས་འགོ་འཛིན་རྣམས་ཀྱིས་འགན་ཁུར་རྐང་ལེན་གནང་རྒྱུ་ཡིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁེ་ཎ་ཌར་རྟེན་གཞི་བྱས་པའི་བོད་མིའི་ཚོགས་པ་ཁག་ལ་ལས་གཞི་འདི་བཞིན་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུར་རང་ནུས་གང་ཡོད་ཀྱི་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་པ་བཅས།།
བཀའ་ཁྲི་མཆོག་དང་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་ནས་བོད་མི་སྟོང་ཕྲག་གཅིག་ཁེ་ཎ་ཌར་གནས་སྤོ་བྱ་རྒྱུའི་གཞུང་འབྲེལ་ལས་གཞི་དངོས་སུ་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།