༢༠༡༢ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་བརྒྱུད་རིས་མེད་ཀྱི་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་མཛད་སྒོ་དུས་དབང་ཐང་ཆེན་དུ་ཚོགས་ཡོད།
དེ་ཡང་ཐོག་མར་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་ཞུས་ཏེ་གསུང་བཤད་གནང་དོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཇིག་རྟེན་མིག་འབྱེད་ཕྱག་ན་པད་དཀར་འཆང་བ། མཉམ་མེད་ཐུབ་པའི་དབང་པོའི་རྒྱལ་ཚབ་བདག་སོགས་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་མགོན་སྐྱབས་བླ་ན་མེད་པ། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག
དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་དཔལ་སྡེ་བཟང་པོའི་ཞལ་སྔ་ནས་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་རླབས་པོ་ཆེས་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་ཉམས་ངའི་གནས་ལ་སྐྱོབ་པར་མཛད་པའི་དབུགས་འབྱིན་པ་དང༌། འགྲོ་བ་ཀུན་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། སྨྲ་བ་བདག་མེད་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་བཟུང་སྟོང་ཉིད་སྙིང་རྗེའི་ལམ་བཟང༌། ཤེས་བྱ་གསལ་བར་མཛད་ཅིང༌། འཛམ་གླིང་འདིའི་ཆོས་ལུགས་དང་ལྟ་གྲུབ་སྐྱེ་འགྲོ་སྣ་ཚོགས་མཐའ་དག་ལ་མཛད་འཕྲིན་ཀུན་སྙོམས་ཉི་མ་ལྟ་བུར་དམ་ཟབ་མཛད་པར་ཀུན་གྱིས་གུས་བཀུར་བསྔགས་པའི་ཡུལ་དུ་གྱུར་བ་མཐོང་ཆོས་སུ་གྱུར། དེ་ན་ཀུན་གྱིས་ཚད་མར་འཛིན་ཞིང་སྙན་པའི་གྲགས་པ་ཆེར་འབར་བའི་རྣམ་དཔྱོད་གཞན་འདྲིང་མ་ཆོག་པའི་ཚན་རིག་པ་དག་ཀྱང་མགོན་པོ་གང་གི་མཁྱེན་ཡོན་ལ་ཡིད་དབང་ཕྲོགས་ཏེ་དགའ་མགུ་ཕྱོགས་སུ་རྒྱས་ཏེ་མགོན་པོ་མཆོག་ནི་དུས་རབས་ཉེར་གཅིག་གི་ལམ་སྟོན་པ་ཆེན་པོ་ཉིད་དུ་གྱུར། བཀའ་དྲིན་བདག་མེད་ྋརྒྱལ་བ་ཀུན་ལས་ལྷག་པའི་རླབས་ཆེན་མཛད་བཟང་གིས་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཞབས་ཀྱིས་བཅགས་ཏེ་འགྲོ་བ་སོ་སོའི་ཁམས་དང་མོས་པར་འཚམས་པའི་བླང་དོར་གསུང་གི་དུད་རྩིས་ཚིམས་པར་མཛད་པའི་གདུལ་བྱའི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་ཤིང་ལས་ལྷག་པར་མཛད།
ལྷག་པར་ཉེ་ལམ་ྋརྒྱལ་བ་ལྔ་པ་ཆེན་པོ་ནས་བཟུང་ལུགས་གཉིས་ཀྱི་མཛད་འགན་མང་གཙོས་བསྐུར་བའི་ལས་འགན་ཡུན་རིང་ནས་ཡོད་པ་དེ་དག་མང་མོས་འོས་ཐོན་གྱི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་མཛད་དེ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གདུལ་བྱའི་བློ་ཡུལ་དུ་ཤོང་དཀའ་བར་མཛད། དེང་འདིར་མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱིས་མངའ་གསོལ་ཞུ་བ་དང༌། ཁ་བ་རི་པའི་བོད་འབངས་ཡོངས་ཀྱི་མཚོན་མཁའ་ཁྱབ་སྐྱེ་འགྲོའི་ཆེད་སྐུ་ཚེ་དམ་པར་ལོ་གྲངས་བརྒྱ་དང་བཅུ་གསུམ་ལྷག་འཚོ་བཞེས་ཞལ་བཞེས་སྐལ་བཟང་ཐོབ་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ སྨིན་སྩལ་སོགས་བཀའ་དྲིན་མཐའ་ཡས་པ་བསྐྱངས་པའི་རྗེས་དྲན་མཚོན་ཆེད་རིན་ཆེན་གང་ཉིད་ལས་གྲུབ་པའི་དམིགས་བསལ་རྟེན་དོད་མཚོན་རྟགས་ཁྱད་པར་ཅན་གྱི་འབུལ་དངོས་དེ་བཞིན་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་བ་ ༡༡ ཚེས་ ༡༦ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ བསྐྱངས་པའི་སྐལ་བཟང་གི་དུས་ཚོད་ཁྱད་པར་ཅན་དང་བསྟུན་རིས་མེད་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དམ་གཙང་ཡོངས་ནས་དེ་ལྟར་མོས་གུས་རྩེ་གཅིག་ཏུ་འདོམས་ཏེ་འབུལ་བ་ལགས་ན། བདག་སོགས་རྣམས་སྐྱེ་བ་ནས་ཚེ་རབས་བར་དུ་མགོན་པོ་གང་ཉིད་ཀྱི་བྲལ་མེད་བྱེད་བཞིན་དུ་རྗེས་སུ་བཟུང་སྟེ་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལ། ཞེས་གསུང་བཤད་གནང་ཡོད།
དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་བརྒྱུད་རིས་མེད་ཀྱི་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་དེ་བཞིན་དགའ་ལྡན་ཁྲི་རིན་པོ་མཆོག་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག རྒྱལ་བ་ཀརྨ་པ་མཆོག ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་པའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཅས་ཀྱིས་དད་ལྡན་ཆོས་ཞུ་བ་འབུམ་གཉིས་བརྒལ་བའི་དབུས་སུ་མགོན་པོ་གང་ཉིད་མཆོག་ལ་འབུལ་ལམ་ཞུས་ཡོད
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དབུས་ཚོགས་སྡེ་ཁག་གཅིག་གིས་མཆོད་འཕྲིན་གྱི་ལམ་ནས་གླུ་དབྱངས་འབུལ་ལམ་ཞུས་ཡོད། དེ་ནས་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་གསུང་བཤད་གནང་དོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་འབི་ཧར་མངའ་སྡེའི་སྤྱི་ཁྱབ་མཆོག་གིས་དབུས་པའི་འདིར་འདུས་ཡོངས་ལ་ཞུ་རྒྱུར། དེ་རིང་ང་རང་འདིར་གནས་མཆོག་རྡོ་རྗེ་གདན་ལ་དུས་དབང་ཐེངས་ ༣༢ བསྐྱངས་པའི་སྐབས་འདིར་བཅར་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་བྱམས་སྙིང་རྗེའི་བདག་ཉིད་ཅན་དང་འཛམ་གླིང་ཞི་བདེའི་དེད་དཔོན་རེད། དེ་བཞིན་སྐུ་ཉིད་དྲུང་ནས་བྱིན་རླབས་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་བསམས་པའི་ཚོར་བ་བྱུང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བྱམས་བརྩེའི་ཀུན་ནས་བླངས་བའི་བཀའ་སློབ་སྩལ་བ་དེ་དག་འཛམ་གླིང་ནང་ཧ་ཅང་ཕན་རླབས་རྒྱ་ཆེན་པོ་ཡོང་གི་ཡོད། སྐུ་ཉིད་མཆོག་གིས་བཀའ་སློབ་ལ་རྟེན་ནས་འཛམ་གླིང་ནང་མི་མང་རྣམས་ཞི་མཐུན་དང་མཉམ་གནས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད། ད་ལྟའི་དུས་སྐབས་འདིར་འཛམ་གླིང་འདིར་སྐུ་ཉིད་མཆོག་ལྟ་བུའི་དབུ་ཁྲིད་ཧ་ཅང་དགོས་གལ་ཆེ་བའི་གནས་སྐབས་ཤིག་རེད། ད་རེས་དུས་དབང་ཐེངས་ ༣༢ པ་འདི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གིས་བསམ་ཚུལ་བཏོན་པ་དང་རེ་སྐུལ་གནང་བ་ཞིག་རེད། དེའི་ཐོག་ད་ལྟ་ཁོང་རང་གི་བུས་མཇུག་སྐྱོང་གིས་ད་ལྟ་འདིར་གོ་སྒྲིག་གནང་བ་དེས་ཆོས་ཞུ་བ་འབུམ་ཕྲག་ལ་ཐུགས་ཕན་གསོས་པ་བྱུང་བ་རེད། ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་འབི་ཧར་མངའ་སྡེའི་བློན་ཆེན་མཆོག་གིས་དུས་དབང་ཐེངས་སོ་གཉིས་པའི་གོ་སྒྲིག་ཚོགས་ཆུང་ལ་མཐུན་རྐྱེན་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་ཨ་རུ་ན་ཅལ་མངའ་སྡེར་ནང་པའི་མི་འབོར་རྒྱ་ཆེན་པོ་ཡོད་སྟབས། ངས་ཁོང་ལ་སྐྱབས་འཇུག་ཞུ་རྒྱུ་ཞིག་ལ་ཨ་རུ་ན་ཅལ་མངའ་སྡེའི་མི་རྡོ་རྗེ་གདན་དུ་གནས་སྐོར་ལ་ཡོང་སྐབས་སྡོད་སའི་མགྲོན་ཁང་ཆུང་ཆུང་ཞིག་རྒྱག་རྒྱུའི་ས་ཆ་གཅིག་གནང་རོགས་ཞུ་རྒྱུ་ཡིན། ཨ་རུ་ན་ཅལ་གཞུང་ནས་ཉེ་ཆར་ཆོས་དོན་ལས་ཁུངས་ཤིག་དམིགས་བསལ་ཆོས་ཕྱོགས་ཐོག་ལྟ་རྟོགས་ཆེད་གསར་འཛུགས་བྱས་པ་ཡིན། མཐའ་དོན་ྋགོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་ཨ་རུ་ན་ཅལ་དུ་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་གི་ཡོད། ཅེས་གསུང་བཤད་གནང་ཡོད།
དེ་ནས་འབི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་དོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་འདིར་འདུས་ཡོངས་ལ་ཞུ་རྒྱུར། དེ་རིང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་འཁོར་དབང་ཆེན་བསྐྱངས་པ་དེ་ཧ་ཅང་རླབས་ཆེན་དང་སྐལ་པ་བཟང་པོ་བྱུང་ཡོད། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་མཆོག་འདིར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉིན་བཅུའི་རིང་ཐུགས་བརྩེ་བཟང་པོས་ཀུན་ནས་བླངས་ཏེ་བཀའ་ཆོས་དང་དུས་འཁོར་དབང་ཆེན་བསྐྱངས་སྐབས། མི་ཚོགས་རླབས་པོ་ཆེར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། དེར་བརྟེན་ནས་གྷ་ཡ་དེ་ཡང་འབི་ཧར་མངའ་སྡེའི་ཁོངས་སུ་གཏོགས་པ་ཞིག་ཡིན་སྟབས། རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༠ ས་ག་ཟླ་བའི་ཚེས་ ༡༥ ཉིན་འབི་ཧར་གཞུང་ནས་པཊ་ན་ལ་སྟོན་པའི་རྗེས་དྲན་སྐྱེད་མོས་ཚལ་དང་དེའི་ནང་མཆོད་རྟེན་ཞིག་བཞེངས་ཡོད་པ་དེ་དང་སྐྱེད་མོས་ཚལ་དབུ་འབྱེད་དུ་ཆིབས་སྒྱུར་བསྐྱངས་ཡོད། ད་དུང་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གསོལ་འདེབས་ཞུ་རྒྱུ་ཞིག་ལ་པཊ་ན་ལ་སྟོན་པའི་སྐྱེད་མོས་ཚལ་དེའི་ནང་ཆིབས་སྒྱུར་བསྐྱང་སྟེ་རྒྱལ་སྤྱིའི་འདུ་ཚོགས་དང་འབྲེལ་བའི་ཐོག་ནས་མཛད་འཕྲིན་ཡང་ཡང་བསྐྱང་རྒྱུའི་གསོལ་འདེབས་ཞུ་བཞིན་ཡོད། གང་ལ་ཞེ་ན། སྐུ་ཉིད་མཆོག་ཆིབས་སྒྱུར་བསྐྱངས་ཏེ་ཞི་བདེ་དང་འཚེ་མེད་ཞི་བའི་སྐོར་ལ་བཀའ་སློབ་སྩོལ་སྐབས་སྤྱི་ཚོགས་ནང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་འདུག ཐེངས་འདིའི་དུས་དབང་ཐེངས་ ༣༢ པ་འཚོགས་རྒྱུ་འདིེ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གིས་འདིར་གནང་ཆོག་པའི་སྐོར་ལ་ཕྱག་བྲིས་ཤིག་གནང་བྱུང༌། སྟབས་མི་ལེགས་པ་ཞིག་ལ་ཁོང་འདས་གྲོངས་སུ་གྱུར་བ་རེད། འོན་ཀྱང་ཁོང་གི་བུ་པདྨ་མཁའ་འགྲོས་མཇུག་སྐྱོང་གནང་སྟེ་དུས་དབང་གོ་སྒྲིག་ཚགས་ཚུད་གནང་ཐུབ་པར་ངས་བསྔགས་བརྗོད་ཞུ་གི་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་ཆོས་སྩལ་བ་དང༌། འདིར་ང་རང་ཡང་ཉིན་གཉིས་བཅར་ཏེ་བཀའ་ཆོས་ཞུ་རྒྱུའི་སྐལ་བཟང་ཐོབ་བྱུང༌། དེ་བཞིན་སྐུ་ཉིད་མཆོག་དགུང་གྲངས་ ༡༡༣ འཚོ་བཞེས་བཞུགས་རྒྱུའི་ཞལ་བཞེས་མཛད་ཡོད། འཛམ་གླིང་འདིའི་ནང་འཚེ་མེད་ཞི་བ་དང་ཞི་བདེ་འཕེལ་རྒྱས་ཡོང་རྒྱུ་ལམ་སྟོན་བཀའ་སློབ་དུས་རྟག་ཏུ་སྩལ་སྐྱོང་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ་དང་སྦྲགས་རྗེས་སུ་ཡང་འདི་ཕྱོགས་སུ་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་ལ་དུས་ནས་དུས་སུ་བཀའ་སློབ་སྩལ་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ཆེད་མངགས་ཕེབས་པའི་མངའ་སྡེ་གཉིས་ཀྱི་བློན་ཆེན་མཆོག་དང་དེ་བཞིན་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཚོ་རེད། ལྷག་པར་དུས་དབང་དུ་བོད་ནས་ཁྱེད་རང་ཚོ་མང་པོ་ཞིག་སླེབས་ཡོད། རྒྱ་ནག་སྐམ་ས་དང་ཧི་མཱ་ལ་ཡའི་རི་རྒྱུད་ནས་སླེབས་པའི་ཆོས་གྲོགས། དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་ནས་སླེབས་པའི་ཆོས་གྲོགས་ཚོ་རེད། ང་རང་ཚོ་བོད་མི་བཙན་བྱོལ་བའི་ཆོས་སྒར་ཁག་གཙོ་བོར་གྱུར་བའི་ཆོས་བརྒྱུད་ཀྱི་མི་སྣ་མང་དག་ཅིག་སླེབས་ཡོད་པས་དེ་རིང་ཉིན་མ་མཐའ་མ་རེད། གང་ལྟར་གྲ་སྒྲིག་པོ་ཧ་ཅང་ཡག་པོ་བྱུང་སོང༌། གཙོ་བོ་གོ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཡུལ་གྲུ་འདྲ་མིན་ནས་མི་འབུམ་གཉིས་ལྷག་འཛོམས་པ་རེད། དེ་རིང་ནས་བཟུང་སོ་སོའི་ས་གནས་སུ་འགྲོ་རྒྱུ་ཡིན་སྟབས། ང་ཚོ་ཁ་གྱེས་ཏེ་འགྲོ་རྒྱུ་ཡིན་པ་རེད། ཁྱེད་རང་ཚོ་འགའ་ཤས་མ་འོངས་པར་ཐུག་རྒྱུ་ཏན་ཏན་ཡོང་གི་རེད་ཀྱང་འགའ་ཤས་ཐུག་རྒྱུ་ཕལ་ཆེར་ཁག་པོ་རེད། ང་ཚོ་འདི་གར་ཆོས་བྱེད་པར་ཡོང་བ་རེད་མ་གཏོགས་ལྟད་མོ་ལྟ་བར་ཡོང་མེད། ལྟད་མོ་དང་ཚོང་འདུས་ལྟ་བུ་ཡོང་ན། དེར་དགའ་དགའ་སྤྲོ་སྤྲོ་བྱས་ཏེ་དེ་རྗེས་གང་ཡང་མེད། ཆོས་ཉན་ནས་སེམས་ལ་བཟོ་བཅོས་དང་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་བརྗོད་པ་དེ་དག་ས་བོན་ལྟ་བུ་བྱས་ནས་དེའི་ཐོག་སོ་སོས་སློབ་གཉེར་བརྒྱབ་སྟེ་གང་ཤེས་པ་དེ་ལག་ལེན་བསྐྱལ་དགོས། ངོས་རང་གི་མི་ཚེ་ཁ་བཅག་སྣ་རལ་མང་པོ་ཞིག་བརྒྱུད་ནས་ཕྱིན་པ་རེད་ཀྱང་སེམས་ཞི་བདེར་གནས་རྒྱུ་ཐུབ་པ་དེ་སྟོན་པ་བཀའ་དྲིན་ཅན་གྱི་ཆོས་ཕྱོགས་ཀྱི་ཉམས་ལེན་ཐོག་ནས་སེམས་ཀྱི་ཞི་བདེ་ཟིན་ཐུབ་པ་བྱུང་ཡོད། དེ་རིང་འདིར་འདུས་པའི་དགོས་དོན་དེ་མི་ཚེ་སྐྱིད་པ་ཡོང་རྒྱུ་དོན་དུ་རེད་མ་གཏོགས་ལྟད་མོ་ལྟ་བར་ཡོང་མེད། ང་ཚོ་ཕྱོགས་སོར་སོར་ཐོན་སྐབས་རྟེན་འབྱུང་གི་དེ་ཁོ་ན་ཉིད་དང་གཞན་ཕན་གྱི་བསམ་བློ་གཏོང་རྒྱུ་དེ་མ་བརྗེད་པ་བྱེད་དགོས། མ་འོངས་པར་ང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་ན། ངོས་ཀྱི་ངོས་ནས་ཕྲན་བུ་བློ་ཡར་རྒྱས་ཡོད་པའི་སྒོ་ནས་ཁྱེད་རང་ཚོ་ཐུག་རྒྱུ་ཡོད་པ་དང༌། ཁྱེད་རང་ཚོའི་ངོས་ནས་སེམས་ལ་ཡར་རྒྱས་ཕྲན་བུ་བཏང་སྟེ་ཐུག་རྒྱུ་བྱུང་ན། དངོས་གནས་དྲང་གནས་ཡག་པོ་རེད། དེ་མིན་རྗེས་ལ་ཐུག་སྐབས་ཆོས་ཀྱི་གོ་རྟོགས་ཡོད་པ་དེ་དག་བརྗེད་དེ་ལག་ལེན་བསྐྱལ་རྒྱུར་ཡང་དོ་སྣང་གང་ཡང་མ་བྱས་པར་ཡོང་ན། འགྲོ་སོང་འཕྲོ་བརླག་དང་དཀའ་ལས་ཁག་པ་སྡུག་གྱོང་རེད། ཅེས་བཀའ་སློབ་སྩལ་ཏེ་བློན་ཆེན་གཉིས་ལ་ཐུབ་པའི་སྐུ་དབང་རེ་དང་དེ་བཞིན་གནད་ཡོད་མི་སྣ་གཞན་ཚོར་མཇལ་དར་གསོལ་རས་སྩལ་ཡོད། དེ་ནས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་རྩིས་པས་དུས་དབང་གི་བྱུང་སོང་རྣམས་༸སྙན་སྒྲོན་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས་རྩིས་ཁྲ་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་དོན། རྩིས་ཁྲའི་ཐོག་ལ་བཤད་ན། སྔོན་མ་ཆོས་ཚོགས་ཁ་ཤས་ནས་ངོས་ཀྱིས་ཆོས་འབྲེལ་བྱ་རྒྱུའི་གྲ་སྒྲིག་བྱས། རྗེས་སུ་ཆོས་ཚོགས་དེ་ཕྱུག་པོ་ཆགས་པ་རེད་ཅེས་པའི་སྐད་ཆ་བྱུང་ཡོད། གང་ཙམ་སོང་རྗེས་ཁ་ཤས་ཀྱིས་ཆོས་ཀྱི་ཆེད་དུ་མིན་པར་དངུལ་གྱི་དོན་དུ་ངོས་རང་ཆོས་དང་ལེགས་སྦྱར་ཤོད་པར་ཡོང་རོགས་ཞེས་དེ་འདྲ་ཞིག་བྱུང་ཡོད། དེར་བརྟེན་ལོ་ཕལ་ཆེར་ཉི་ཤུ་ཙམ་ཞིག་ཕྱིན་ཡོད། གང་ལྟར་ངོས་ཀྱིས་ཆོས་འབྲེལ་བྱས་ནས་དེའི་སྐབས་ལ་སྤ་སེ་བཙོང་པ་དང་ཞལ་འདེབས་ཀྱི་དངུལ་གང་བྱུང་དེ་དག་ཡིན་གཅིག་མིན་གཅིག་རྩིས་ཁྲ་ཁམས་གཙང་བཟོས་ཏེ་མང་ཚོགས་ལ་སྙན་སྒྲོན་ཞུ་དགོས། དངུལ་ལྷག་འཕྲོས་དེ་དག་བར་བརླག་མེད་པར་སྤྱི་ཚོགས་དང་དབུལ་ཕོངས་ཀྱི་འཕྲོད་བསྟེན། སློབ་གྲྭ་སོགས་ཀྱི་ཐོག་གཏོང་རྒྱུ། གང་ལྟར་ཆོས་འབྲེལ་འདིའི་ཐོག་ལ་དངུལ་གང་བྱུང་བ་དེ་དག་དགེ་རྩར་ཤ་ཁུ་ཤ་ཐིམས་བྱས་ཏེ་གཏོང་ཐུབ་པ་ཞིག་དགོས་ཞེས་ཤོད་ཀྱི་ཡོད། དེ་རིང་འདིར་རྩིས་ཁྲ་ཀློག་རྒྱུ་དེ་ལྟར་རེད། འོན་ཀྱང་རྩིས་ཁྲ་བོད་ཡིག་ནང་མ་གཏོགས་དབྱིན་ཡིག་ནང་མི་འདུག་པས་དབྱིན་ཡིག་ནང་བཟོ་དགོས། གཞན་ཁ་ཤས་ཀྱིས་༸རྒྱལ་བ་རིན་པོ་ཆེས་ལེགས་སྦྱར་དང་ཆོས་འཆད་རྒྱུ་དེ་འདྲ་མང་པོ་ཡོང་གི་ཡོད་པ་དེའི་ཐོག་ནས་དངུལ་རག་གི་ཡོད། དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་ཧ་ཅང་ཕྱུག་པོ་ཆགས་ཡོད་པ་རེད་ཅེས་བརྗོད་མཁན་བྱུང་། ངོས་ཀྱིས་དངུལ་རྩ་བ་ནས་ཟ་གི་མེད། རྒྱ་མིའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་གིས་ད་ལྟ་༸རྒྱལ་བ་རིན་པོ་ཆེ་ཧ་ཅང་ཕྱུག་པོ་ཆགས་ཡོད་ཅེས་བརྗོད་པ་འདྲ། ཁ་སྔོན་བརྗོད་པ་ལྟར་ངོས་ཀྱིས་ཆོས་འཚོང་གི་མེད། ཆོས་འཚོང་རྒྱུ་ཞེས་པ་དེ་དངོས་གནས་དྲང་གནས་མ་རབས་ཐ་ཤལ་རེད། མི་གཞན་ལ་ཆོས་བཙོང་ན་འགྲིག་མི་འདུག་བརྗོད་མཁན་དེས་སོ་སོས་ཆོས་འཚོང་ཤེས་ཀྱི་མ་རེད། དེར་བརྟེན་ཚང་མ་དྲང་པོ་ཡོང་རྒྱུའི་དོན་དུ་རྩིས་ཁྲ་ཀློག་ཅེས་པའི་རྒྱུ་མཚན་དེ་ལྟར་རེད། རྩིས་ཁྲ་དེ་དག་དབྱིན་ཡིག་ནང་ཆ་ཚང་བཟོ་དགོས། ད་ལྟ་དངུལ་ཕྲན་བུ་ལྷག་ཡོད་པ་དེ་དག་ཁྱེད་རང་ཚོ་ཚོགས་ཆུང་ཡོད་པ་དེ་མ་གྲོལ་གོང་ཞལ་འདེབས་དང་བྷོ་ཌ་གྷ་ཡའི་ནང་རྒྱ་གར་གྱི་་སློབ་གྲྭ་སོགས་ག་རེ་ཡོད་པ་ཁྱེད་རང་ཚོས་ཤེས་ཀྱི་རེད། ད་ལྟ་འདིར་བྱུང་བའི་དངུལ་དེ་དག་སོ་སོའི་དངུལ་ཁུག་ནང་བླུག་རྒྱུ་མིན་པར་ས་གནས་རང་དང་དེ་མིན་ག་རེ་འདུག དེ་དག་ལ་སྤྲད་དེ་ཕན་ཐོགས་ཡོད་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་གསལ་བཤད་ཡིན། ཞེས་བཀའ་སློབ་སྩལ་ཡོད།
དེ་རྗེས་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་པའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་སྟེ་མཛད་སྒོ་དང་ཆོས་འབྲེལ་ཡོངས་སུ་མཇུག་སྒྲིལ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་མཛད་འཕྲིན་ཁག་བགེགས་བར་གང་ཡང་མེད་པའི་སྒོ་ནས་ཡོངས་སུ་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༡༡ ཉིན་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །