༢༠༡༢ ཟླ་ ༡ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་བཞུགས་གནས་གཟིམ་ཆུང་ནས་ཆོས་རིག་བཀའ་བློན་མཆོག་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་མཆོད་རྟེན་ཆེན་པོའི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་ཡོད།
དེ་ཡང་གོང་ཚེས་ཉིན་རང་ཅག་ཁ་བ་རི་པའི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་འཁོར་སྒྱུར་གྱི་རྣམ་པར་བྱོན་པ། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་ས་སྐྱ་བདག་ཁྲི་རིན་པོ་མཆོག་དང་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྨན་རི་ཁྲི་འཛིན་རིན་པོ་མཆོག འབྲི་གུང་ཆེ་ཚང་རིན་པོ་མཆོག་གི་སྐུ་ཚབ་རྒྱ་ར་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག གླིང་རིན་པོ་ཆེ་མཆོག མདོར་ན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་བདག་དབུ་ཁྲིད་རྣམ་པ། གཞན་ཡང་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། བཀའ་བློན་ཁྲི་པ་མཆོག་དང་ཆོས་རིག་བཀའ་བློན་མཆོག ནང་སྲིད་བཀའ་བློན་མཆོག དཔལ་འབྱོར་བཀའ་བློན་མཆོག ཕྱི་དྲིལ་བཀའ་བློན་མཆོག་སོགས་དང༌། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Richard Gereརི་ཆར་ཌེ་གྷེར། དེ་བཞིན་སེར་སྐྱ་མི་མང་སྟོང་ཚོ་བརྒལ་བས་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་སྤྱིར་འཛམ་གླིང་ཞི་བདེ་དང་། ཡང་སྒོས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་བོད་མི་འདས་གསོན་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཚོགས་ཡོད་པ་བཅས།