༢༠༡༢ ཟླ་ ༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དུས་དབང་ཐང་ཆེན་དུ་(The Gandhi Development Trust)ཞེས་པའི་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨི་ལ་གྷན་ངྷི་(Ela Gandhi) མཆོག་གིས་(Mahatma Gandhi International Award for Peace and Reconciliation) ཞེས་པ་མེས་པོ་དམ་པ་གྷན་དྷིའི་ཞི་བདེ་དང་འཆམ་མཐུན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཐོག་མར་མགོན་པོ་གང་ཉིད་མཆོག་བཞུགས་གནས་ཕོ་བྲང་ནས་དུས་དབང་སྦྱིན་བདག་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་དུས་དབང་ཐང་ཆེན་གྱི་ཞབས་སྟེགས་སུ་ྋཞབས་སོར་འཁོད་རྗེས་ལྕམ་སྐུ་ཨི་ལ་གྷན་ངྷི་མཆོག་གིས་ཆོས་ཞུ་བ་ཆིག་འབུམ་བརྒལ་བའི་དབུས་སུ་མགོན་པོ་གང་ཉིད་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུས། ྋགོང་ས་མཆོག་གིས་ཁོང་ལ་ཐུབ་དབང་གི་སྐུ་ཞིག་གསོལ་རས་སྩལ། དེ་ནས་ལྡི་ལི་དོན་གཅོད་ཀྱིས་ངོ་སྤྲོད་གསུང་བཤད་གནང༌། དེ་རྗེས་ལྕམ་སྐུ་མཆོག་གིས་གསུང་བཤད་གནང་དོན། ང་རང་གནས་རྩ་ཆེན་པོ་རྡོ་རྗེ་གདན་ལྟ་བུར་བཅར་ཏེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་འབུལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང༌། ན་ནིང་གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཕི་རི་ཀར་ཆིབས་སྒྱུར་བསྐྱང་ནས་གཟེངས་རྟགས་འབུལ་རྒྱུའི་གོ་སྒྲིག་ཞུས་ཡོད་ཀྱང་མཐོང་མཆན་མ་ཐོབ་པའི་དབང་གིས་ཆིབས་སྒྱུར་བསྐྱངས་ཐུབ་མེད་པར་བརྟེན། ལྷོ་ཨ་ཕི་རི་ཀའི་མི་མང་གིས་ཧ་ཅང་བློ་ཕམ་བྱེད་བཞིན་འདུག ལྷོ་ཨ་ཕི་རི་ཀའི་ནང་ཁོར་ཡུག་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད། དེའི་སྙིང་དོན་ནི་འཛམ་གླིང་ནང་ཚེ་སྲོག་སྐྱབ་རྒྱུ་དང་དཀའ་ངལ་གྲོལ་རྒྱུ་ཆགས་ཡོད། དེ་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་སྩལ་བ་གཅིག་མཚུངས་ཆགས་ཡོད། བདག་ཉིད་ཆེན་པོ་གྷན་དྷི་དང་ྋགོང་ས་ཏཱ་ལའི་བླ་མཆོག་གིས་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་རྒྱུ་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་ཡོད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་མུན་པ་སེལ་མཁན་ཡིན་པ་ཙམ་མ་ཟད། ད་ལྟ་སྐུ་ངལ་དེ་ལྟ་བུའི་ཐོག་ད་དུང་འཛམ་གླིང་ནང་བྱམས་བརྩེ་དང་དྲང་བདེན་ཆེད་སྐུ་ངལ་སྐྱོན་བཞིན་ཡོད། སྐུ་ཉིད་མཆོག་ལ་འཛམ་གླིང་རྒྱལ་སྤྱིའི་ཡིད་ཆེས་དགེ་རྩ་ངོས་འཛིན་ཞུས་ཏེ་དེ་རིང་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གོ་སྐབས་བྱུང་། ཞེས་གསུང་བཤད་གནང་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་དབྱིན་སྐད་ནང་བཀའ་སློབ་སྩལ་རྗེས་བོད་སྐད་ནང་བཀའ་སློབ་ཕེབས་དོན། སྟོན་པ་བཅོམ་ལྡན་འདས་སངས་རྒྱས་པའི་གནས་ཁྱད་པར་ཅན་དང་འཛམ་གླིང་འདིའི་ཐོག་གི་སྟོན་པ་གཞན་དང་མཚུངས་པ། སངས་རྒྱས་བཅོམ་ལྡན་འདས་བརྗོད་སྐབས་བྱམས་བརྩེ་དང་ཞི་བདེ་སྟོན་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད། བཅོམ་ལྡན་འདས་མངོན་པར་རྫོགས་པའི་གནས་དང་དེ་བཞིན་དུས་རབས་ཉི་ཤུའི་ནང་ལ་འཛམ་གླིང་འདིའི་ཐོག་གི་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་ངོ་སྟོང་ཕྲག་གསུམ་ཙམ་རིང་གི་འཚེ་བ་མེད་པའི་ལྟ་གྲུབ་ཡོད་པ་དེ་གྷན་ངྷི་ཇིས་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་སྐབས་རྒྱ་གར་གྱི་ལོ་སྟོང་ཕྲག་རིང་གི་འཚེ་བ་མེད་པའི་ལྟ་གྲུབ་དེ་ཉམས་ལེན་གནང་བའི་བརྒྱུད་ནས་རྒྱ་གར་གྱི་རང་དབང་ཐོག་མར་ཨ་ཕི་རི་ཀའི་ནང་འགོ་བཙུགས་པ་དང་དེ་ནས་གནང་བ་རེད། ད་ལྟ་བུ་ཞིག་དངོས་གནས་ཞི་བདེའི་སྐྱེས་བུ་དམ་པ་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཐོག་འཚེ་བ་མེད་པའི་ལམ་འབའ་ཞིག་གི་ཐོག་ནས་བདེ་དོན་རྩོད་མཁན་གྱི་མཚན་ཐོག་ནས་གཟེངས་རྟགས་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། གཟེངས་རྟགས་གནང་མཁན་ཡང་གྷན་ངྷི་དམ་པའི་ཚ་མོ་ཁོང་གིས་གནང་བར་ངོས་རང་ཧ་ཅང་དགའ་པོ་བྱུང༌། ངོས་རང་ལ་ཆ་བཞག་ན། ལོ་བདུན་ཅུ་དོན་དྲུག་བརྒལ་འགྲོ་བཞིན་ཡོད། ད་ལྟ་བར་འཚེ་བ་མེད་པའི་ལམ་བསྟེན་ནས་བསམ་པ་རྣམ་དག་བྱས་ནས་བསྡད་པ་ཡིན། ད་དུང་ངོས་ཀྱི་མི་ཚེ་ལྷག་འཕྲོས་དེ་འཚེ་བ་མེད་པའི་ལམ་ལ་བསྟེན་ནས་གྷན་ངྷིའི་ལམ་བརྒྱུད་ནས་རྩིས་ནས་སྟོན་པ་ཐུབ་པའི་དབང་པོའི་བྱམས་བརྩེ་རྩ་བར་གྱུར་བའི་འཚེ་བ་མེད་པའི་ལམ་དུ་ངོས་ཀྱི་མི་འཚེ་ལྷག་འཕྲོས་གཏོང་རྒྱུ་ཡིན། མཐར་ཁོང་ལ་ངོས་ཀྱི་ངོས་ནས་བསམ་པ་རྣམ་དག་བྱ་རྒྱུ་ཡིན། དུས་དུས་སུ་སྐུ་ཉིད་ལྟ་བུས་ང་ཚོར་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད། ད་ཐེངས་ལྕམ་སྐུ་མཆོག་ལྷོ་ཨ་ཕི་རི་ཀ་ནས་ཆེད་བཅར་ཞུས་འདུག་པ་བཅས། །