༢༠༡༡ ཟླ་ ༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ནས་དུས་དབང་སྦྱིན་བདག་རྣམ་པའི་སྐུ་ཚབ་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་དེ་ྋགོང་ས་མཆོག་གིས་འདིར་འདུས་སྐལ་ལྡན་གདུལ་བྱ་ཆིག་འབུམ་ལྔ་ཁྲི་བརྒལ་བར་ཉིན་གཉིས་པའི་སྔོན་འགྲོའི་གསུང་ཆོས་མ་སྩལ་གོང་རྒྱ་གར་དང་འབར་མ་སོགས་ཀྱི་དགེ་འདུན་པས་རང་རང་གི་སྐད་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད། དེ་ནས་ྋགོང་ས་མཆོག་གིས་ཆོས་འབྲེལ་གྱི་བཀའ་སློབ་ཕེབས་དོན། ཆོས་ཞེས་པ་འདི་སྤྱི་མིང་ཐོག་ནས་བསམ་བློ་བཏང་ན། སེམས་ལ་རེ་བ་སྤྲོད་རྒྱུ་དང་མི་ལ་སོ་སོའི་ནུས་པ་ལས་བརྒལ་བའི་དཀའ་ངལ་འཕྲད་སྐབས་ཆོས་ཀྱི་ཐོག་ནས་སྨོན་ལམ་རྒྱག་རྒྱུ་དེ་འདྲ་བྱེད་བཞིན་ཡོད། ཆོས་ལུགས་ཚང་མར་དེ་དག་ཡོད། ཆོས་མེད་མཁན་གྱི་མི་ཞིག་ལ་གདོང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་སྐབས་རང་ཤི་རྒྱག་རྒྱུ་དེ་འདྲ་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་སྨོན་ལམ་རྒྱག་རྒྱུ་འགོ་ཚུགས་ནས་ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཙམ་ཞིག་ཕྱིན་ཡོད། འཛམ་གླིང་འདིའི་ཐོག་མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བསམ་བློའི་ཁྱེར་སོ་ཡར་རྒྱས་འགྲོ་རྒྱུ་མི་འདྲ་བ་དེ་སྔ་མོ་ཨི་ཇིབ་ཤོན་དང་། ཨི་རན། ཨི་རག རིམ་བཞིན་དབུས་ཨེ་ཤི་ཡ། དེ་བཞིན་རྒྱ་གར་ལ་ཆོས་དད་དང་འབྲེལ་བའི་ལྟ་གྲུབ་ཅིག་ཆགས་ཡོད། རྒྱ་ནག་ལ་ཡང་དེ་བཞིན་རྒྱ་ནག་གི་ཆོས་དད་དང་རིག་གཞུང་ཞིག་ཆགས་ཡོད། གཙོ་ཆེ་བ་དེ་དག་ཡིན་པ་རེད། ངོས་ཀྱིས་ཞིབ་ཚགས་ཤེས་ཀྱི་མེད་ཀྱང་ཨི་ཇིབ་ཤོན་ནང་དཀོན་མཆོག་དང་ལྷའི་རྣམ་གཞག་དེ་འདྲ་ཞིག་ཐོན་ཡོང་གི་ཡོད་པ་ལྟ་བུ་འདུག ངོས་ཀྱིས་ཉེ་ཆར་ཨི་རན་གྱི་རྩོམ་ཡིག་རྙིང་པ་ཞིག་མཐོང་བྱུང་བ་དེའི་ནང་དཀོན་མཆོག་ཅེས་མི་མངོན་པའི་དབྱིངས་གཤེགས་ལ་རེ་བ་བཅོལ་རྒྱུ་དང་གསོལ་བ་འདེབས་རྒྱུ་ལྟ་བུ་ཞིག་འདུག་ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཡིན་ས་རེད། གང་ལྟར་ལོ་སྟོང་ཕྲག་བཞི་ལྔའི་རིང་མི་མངོན་པའི་དབྱིངས་གཤེགས་ལ་རེ་བ་བཅོལ་ཏེ་བསྡད་པ་རེད། དེ་ནས་ལོ་སུམ་བརྒྱ་ཟིན་མ་ཟིན་ཙམ་ཞིག་དེ་འདྲའི་ནང་མིས་དངོས་པོ་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་ཚན་རིག་ཞིབ་འཇུག་བྱ་རྒྱུ་དེ་བྱུང་བ་རེད། དེ་དང་ཆབས་ཅིག་རྗས་སྦྱོར་གྱི་ནུས་པའི་ཐོག་འཕྲུལ་ཆས་རིགས་དར་སོ་བྱུང་བ་རེད། དེར་བརྟེན་འདས་པའི་ལོ་ ༢༠༠ ལྷག་ཙམ་དེའི་ནང་ཚན་རིག་དང་འཕྲུལ་ཆས་ལ་རིག་པ་རྙེད་ནས་གཞི་ནས་ཡར་རྒྱས་ཕྱིན་པའི་སྐབས། དེ་སྔ་ལོ་སྟོང་ཕྲག་ཁ་ཤས་རིང་ལ་དཀོན་མཆོག་གིས་མཁྱེན་ཞེས་ནས་སྡོད་རྒྱུའི་བསམ་བློ་ཞིག་དང༌། མང་དག་ཅིག་གི་དཀོན་མཆོག་གིས་མཁྱེན་ཞེས་སྨོན་ལམ་རྒྱག་གི་ཡོད་ཀྱང་སྒྲུབ་རྒྱུ་མེད་པ་རེད། ད་ལྟ་རང་མིག་གིས་མཐོང་རྒྱུ་ཡོད་པའི་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་པའི་ཐོག་ནས་ན་ཚ་བྱུང་ན་དཀོན་མཆོག་མཁྱེན་ཞེས་སྡོད་རྒྱུ་གཅིག་པུ་མིན་པར་སྨན་བཟས་ནས་ན་ཚ་དྲག་རྒྱུ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་བྱུང་བ་རེད། དེར་བརྟེན་འདས་པའི་ལོ་ ༢༠༠ ལྷག་དེའི་ནང་རིམ་བཞིན་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་དེ་ལས་འཕྲུལ་ཆས་ཡར་རྒྱས་གཏོང་རྒྱུ་དེ་མི་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ་དུས་རབས་བཅུ་དགུ་པ་རེད། ལྷག་པར་དུས་རབས་ཉི་ཤུའི་ནང་སྨོན་ལམ་རྒྱག་རྒྱུ་དེ་དག་ལམ་དང་ལུགས་སྲོལ་ལྟ་བུ་མ་གཏོགས་དེར་དོ་གལ་ཆེན་པོ་མེད་པར་གཙོ་བོ་དངོས་པོ་ཡར་རྒྱས་ལ་ཤུགས་བརྒྱབ་སྟེ་ཕྱིན་པ་རེད། དེ་རྗེས་དུས་རབས་ཉི་ཤུ་པའི་མཇུག་དེ་ནས་དངོས་པོ་ཡར་རྒྱས་ཤུགས་ཆེར་ཕྱིན་ཡོད་པ་དེ་ཕྱིའི་མཐུན་རྐྱེན་བཟང་དུ་ཕྱིན་པ་རེད་མ་གཏོགས་སེམས་ལ་སྐྱིད་པོ་ཡོད་པ་ཁྱབ་པ་མེད་པ་ལྟ་བུ་རེད། དངོས་པོ་ཡར་རྒྱས་ཆེན་པོ་ཡོད་མཁན་ཡིན་ཡང་སེམས་ལ་དངངས་སྐྲག་ཡོད་པ་དེ་འདྲ་ཡོང་གི་འདུག དེ་བཞིན་ན་ཚའི་ནང་ལ་ཡིན་རུང་སེམས་མ་སྐྱིད་པ་བྱས་པའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། དཔེར་ན། སེམས་མ་སྐྱིད་པ་རྒྱུན་མཐུད་ནས་ཕྱིན་ན་རང་བཞིན་གྱིས་སྲོག་རླུང་ལངས་རྒྱུ་སོགས་ཡོང་གི་ཡོད། ངོས་ཀྱིས་ངོ་ཤེས་ཧ་ཅང་འབྱོར་ལྡན་དང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དེ་འདྲ་ལ་སེམས་ནང་མ་སྐྱིད་པ་ཡོད་པ་ཡང་ཡང་མཐོང་རྒྱུ་འདུག དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། ད་དུང་རྒྱུ་ཅ་ལག་ཕྱུག་པོ་ཆགས་ན་ཧ་ལམ་སེམས་ནང་རེ་བ་དོགས་པ་འདོད་པ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཕྲག་དོག་སོགས་ཆེ་རུ་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད། དཔེར་ན། ཁྱིམ་ཚང་འགྲིག་ཙམ་འདང་ཙམ་ཡོད་སྐབས་ཁྱིམ་མཚེས་འཆམ་པོ་ཡོང་རྒྱུ་དང༌། ཁྱིམ་མཚེས་ཤིག་དཔལ་འབྱོར་ཡར་རྒྱས་གང་ཙམ་འགྲོ་སྐབས་ཁྱིམ་མཚེས་ཚོར་མཐོང་ཆུང་བྱ་རྒྱུ་སོགས་ཡོང་གི་ཡོད། དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་མི་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ་དེ་གཞི་ནས་མཐོང་ཡོང་གི་འདུག ཚན་རིག་ཐོག་ནས་གཙོ་བོ་འཕྲོད་བསྟེན་གྱི་ཚན་རིག་ནང་མིའི་སེམས་ལ་ཞི་བདེ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག སེམས་ལ་ཁོང་ཁྲོ་སོགས་བྱུང་ན། གཟུགས་པའི་ཟུངས་བཅུད་ཉམས་འགྲོ་གི་ཡོད་པ་ཤོད་ཀྱི་འདུག སེམས་སྐྱིད་པོ་བྱས་ནས་བསྡད་ན། གཟུགས་པོའི་ནང་གི་ཟུངས་བཅུད་སྐབས་རེ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་ཤོད་ཀྱི་འདུག
སེམས་ཀྱི་ཞི་བདེ་ཁབ་དང་སྨན་བཟས་ནས་ཡོང་ཐབས་མེད། སྨན་བཟས་ཀྱང་གནས་སྐབས་ཕན་ཏེ་ཟུག་བཅགས་ཙམ་ལས་ཕུགས་ལ་ཕན་ཐོགས་གང་ཡང་མེད། ཅེས་བཀའ་སློབ་སྩལ་རྗེས་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་སྩོལ་སྐབས་དོལ་རྒྱལ་བསྟེན་སྲོལ་བྱ་རྒྱུ་མེད་པའི་སྐོར་ལ་ཡང་བཀའ་སློབ་སྩལ་ཡོད་པ་བཅས།།
ྋགོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཐང་ཆེན་དུ་ཉིན་གཉིས་པའི་སྔོན་འགྲོའི་ཆོས་འབྲེལ་སྐྱོང་བཞིན་པ།
གསར་གནས།
འབྲེལ་གནས།