༢༠༡༢ ཟླ་ ༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐང་ཆེན་དུ་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཧི་མཱ་ལ་ཡི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག ༣༥ བརྒལ་བ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དབང་ཆེན་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་བྱེད་སྐབས་ཁྱེད་རང་ཚོ་ཧི་མཱ་ལ་ཡའི་རི་རྒྱུད་དེ་སྔ་ལོ་རྒྱུས་ཐོག་ནས་བོད་ཀྱི་ནང་ཆོས་ཉམས་སུ་ལེན་མཁན་ཁྱེད་རང་ཚོ་མང་པོ་ཞིག་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་དེ་རིང་ཆེད་མངགས་འདི་གར་ཡོང་བ་རེད། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ད་ལྟ་འདིར་ཁྱེད་རང་ཚོར་དམིགས་བསལ་ག་རེ་བརྗོད་འདོད་འདུག་ཅེས་ན།
ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ནུབ་ལ་དྭགས་ནས་ཤར་མོན་བར་དང་དེ་བཞིན་འབྲུག་དང་བལ་ཡུལ་གྱི་ས་ཁུལ་དེ་དག་ལ་བོད་ནས་སངས་རྒྱས་ཀྱི་ཆོས་ཁྱབ་ཡོད་པ་ཞིག་ཡིན། དེར་བརྟེན་ས་ཁུལ་དེ་དག་ལ་བཀའ་འགྱུར་བསྟན་འགྱུར་དང་མདོར་ན། ཁྱིམ་ཚང་ཞིག་ཡིན་རུང་བརྒྱད་སྟོང་དང་མདོ་སྡེ་བསྐལ་བཟང་ལྟ་བུ་ཉར་གྱི་ཡོད། དེར་བརྟེན་ས་ཁུལ་དེ་དག་གི་ཡུལ་མིའི་ནང་ཆོས་ལུགས་གཞན་དག་བྱེད་མཁན་ཡང་ཡོང་གི་རེད། འོན་ཀྱང་ས་ཁུལ་སྤྱིའི་གོམས་གཤིས་དང་རིག་གཞུང་སངས་རྒྱས་པའི་ཆོས་དང་འབྲེལ་ཡོད་པ་ཞིག་ཆགས་ཡོད། ཁྱེད་རང་ཚོ་ཧི་མཱ་ལ་ཡའི་ས་ཁུལ་དེ་དག་གི་རྣམ་པ་མཚོན་རྒྱུར་སངས་རྒྱས་པའི་ཆོས་དང་ཧ་ཅང་འབྲེལ་བ་ཡོད། ཕྱོགས་གཅིག་ནས་ཁྱེད་རང་ཚོ་ས་ཁུལ་དེ་དག་གིས་མི་རིགས་རང་ཉིད་ཀྱི་རྣམ་པ་དང་ཁྱད་ཆོས་མཚོན་རྒྱུར་སངས་རྒྱས་པའི་ཆོས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཉིས་ནས་བོད་ནང་ཡིན་ན། སངས་རྒྱས་ཀྱི་ཆོས་རང་དབང་གི་ཐོག་ནས་ཐོས་བསམ་སྒོམ་གསུམ་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད།
ཁྱེད་རང་ཚོ་རང་དབང་ལུང་པའི་ནང་ཡོད། འདས་པའི་ལོ་ལྔ་བཅུ་དེའི་རིང་ལ་ཧི་མཱ་ལ་ཡའི་རི་རྒྱུད་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བའི་མདོར་ན་བོན་དང་བཅས་པའི་ཆོས་སྒར་གྱི་སྡེ་ལ་སློབ་སྦྱོང་བྱེད་མཁན་སྟོང་ཕྲག་མང་པོ་བྱུང་ཡོད། ཁྱེད་རང་ཚོ་ཡང་སོ་སོའི་མི་རིགས་ཀྱི་རྣམ་པ་མཚོན་རྒྱུར་སངས་རྒྱས་ཀྱི་ཆོས་ཀྱི་གོམས་གཤིས་དེ་ཧ་ཅང་གལ་ཆེན་པོ་ཡིན་པས་ཁྱེད་རང་ཚོས་ཉན་དགོས། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དེ་དག་ནས་བཀའ་འགྱུར་བསྟན་འགྱུར་ཞེས་པ་དེ་དཔེ་ཆ་གལ་ཆེ་ཤོས་དེ་ཆགས་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ཡོད་པ་དེ་ངོས་ཀྱིས་ནམ་རྒྱུན་ནས་སློབ་དེབ་ཀྱི་འདུ་ཤེས་འཇོག་དགོས། མིང་བྷོ་ཊི་ཡ་སོགས་གང་ཞིག་བཏགས་རུང་དོན་དག་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དག་སློབ་སྦྱོང་བྱས་ནས་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད། སངས་རྒྱས་ཀྱི་ཆོས་ལ་ལུང་དང་རྟོགས་པའི་ཆོས་གཉིས་ཡོད། སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ལུང་གི་ཆོས་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་ལ་སློབ་སྦྱོང་བྱས་ནས་ཤེས་པ་བྱེད་དགོས། དེ་ནས་བཀའ་འགྱུར་བསྟན་འགྱུར་ནང་གསུངས་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ལམ་ཆ་ཚང་བ་ཞིག་ཡོད་པ་དེ་དག་གི་གནས་ཚུལ་ཡག་པོ་རྟོགས་པར་བྱས་ཏེ་ཉམས་ལེན་བྱ་རྒྱུ་དེ་སྒྲུབ་པའི་བསྟན་པ་ཞེས་པ་དེ་ཤོད་ཀྱི་ཡོད། གཙོ་བོ་བསླབ་གསུམ་གྱི་བསྡུས་པའི་ཉམས་ལེན་བྱེད་དགོས། གང་ལྟར་ལུང་རྟོགས་ཀྱི་བསྟན་པ་ཞེས་པ་དེ་དཔེ་ཆ་བལྟས་ནས་སློབ་སྦྱོང་བྱས་ཏེ་དཔེ་ཆའི་ནང་དོན་དེ་དག་སེམས་ལ་སྦྱོར་དགོས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་བཤད་པ་དང་སྒྲུབ་པའི་ཐོག་ནས་བྱ་རྒྱུ་རེད་མ་གཏོགས་ལྷ་ཁང་དང་མཆོད་ཁང་བཞེང་རྒྱུ་ཡག་པོ་རེད་ཀྱང་དེ་གཙོ་བོ་མིན། སྐུ་བརྙན་ཆེན་པོ་བཞེངས་མཁན་དེ་འདྲ་ལ་ངོས་ཀྱིས་རྩེད་མོ་རྩེས་ནས་ཤོད་ཀྱི་ཡོད། སྐུ་གསུང་ཐུགས་རྟེན་བཞེངས་པ་དེ་ཧ་ཅང་ཡག་པོ་རེད། འོན་ཀྱང་བཅོམ་ལྡན་འདས་ཀྱི་སྐུས་གསུང་བྱོན་གྱི་མི་འདུག བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རེད། བཅོམ་ལྡན་འདས་ཀྱི་དགོངས་པ་དེ་བཀའ་འགྱུར་ནང་གསུངས་ཡོད་པ་དེ་ཆགས་ཡོད། དེར་ང་ཚོས་སློབ་སྦྱོང་བྱེད་དགོས། བྱིན་རླབས་དེས་ཡོང་གི་རེད་མ་གཏོགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་དག་དོ་སྣང་དང་སློབ་སྦྱོང་མ་བྱས་པར་བཅོམ་ལྡན་འདས་ཀྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་དེར་སྐྱབས་སུ་མཆི་ཞེས་བརྗོད་པས་བྱིན་རླབས་ཐོབ་རྒྱུ་ཁག་པོ་ཡིན། ཁ་ཐུག་གི་བག་ཆགས་བཟང་པོ་འཇོག་རྒྱུའི་བྱིན་རླབས་ཡོང་གི་རེད་མ་གཏོགས རང་རྒྱུད་ཀྱི་ཉོན་མོངས་སྐུ་མཇལ་བ་ཙམ་གྱིས་མེད་པ་ཆགས་ཀྱི་མ་རེད། ཉོན་མོངས་ཀྱི་གཉེན་པོ་རང་རྒྱུད་ལ་སྐྱེས་པའི་སྒོ་ནས་ཉོན་མོངས་མེད་པ་བཟོ་དགོས་པ་རེད་མ་གཏོགས་སྐྱབས་སུ་མཆི་བརྗོད་པས་ཉོན་མོངས་མེད་པ་ཆགས་ཀྱི་མ་རེད། དེར་བརྟེན་དཔེ་ཆ་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོ་ཚང་མས་སེམས་ལ་འཇོག་རོགས། སྔོན་མ་ནས་ངོས་ཀྱིས་ཤོད་ཀྱི་ཡོད། ཧི་མཱ་ལ་ཡི་རི་རྒྱུད་དེ་དག་ལ་དགོན་པོ་ཚོས་རྐང་ཁུར་བླང་སྟེ་ཤིང་འཛུགས་རྒྱུ་དང་དེ་བཞིན་ཡུལ་པ་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོའི་གྲོང་གི་ཉེ་འགྲམ་དུ་ཤིང་འཛུགས་བྱེད་དགོས། ཕྱོགས་གཅིག་ནས་ཧི་མཱ་ལ་ཡའི་ཆུ་བོ་དེ་དག་རིམ་བཞིན་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་འདུག ད་ལྟ་ཆུ་ཤུགས་ཆེན་པོ་ཡོད་པའི་སྐབས་སུ་ཤིང་སྣ་གང་ཙམ་འཛུགས་ཐུབ་ན། ཆུ་མི་སྐམ་བ་དང་གནམ་གཤིས་ལ་ཕན་གྱི་རེད། དེར་བརྟེན་ཤིང་སྣ་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག་པས་དེ་ཁྱེད་རང་ཚོས་སེམས་ལ་ངེས་པ་བྱེད་དགོས། ངོས་ལ་སུན་སྡར་ལལ་བྷ་ཧུ་གྷུ་ན(Sunderlal Bahughuna) ཞེས་པའི་རྒྱ་གར་གྱི་གྲོགས་པོ་ཞིག་ཡོད། ཁོང་གིས་ཧི་མཱ་ལ་ཡའི་ནགས་གསེབ་ལ་ཁུར་ཧ་ཅང་བླང་གི་ཡོད།
ཁོང་གིས་སྔ་མོ་ངོས་ལ་ཁྱེད་རང་ཧི་མཱ་ལ་ཡའི་རི་རྒྱུད་ལ་དུས་དུས་ལ་འགྲོ་ཡོད་པ་རེད། ཕྱིན་པའི་སྐབས་ལ་ཡིན་གཅིག་མིན་གཅིག་ཧི་མཱ་ལ་ཡའི་རི་ཁུལ་གྱི་ཁོར་ཡུག་དེ་དག་ལ་ཉམས་ཆག་མ་ཕྱིན་པའི་བསླབ་ཆ་རྒྱག་རོགས་ཞེས་རེ་འདུན་བརྗོད་བྱུང་བས་ངོས་ཀྱིས་ཀྱང་དེ་དེ་བཞིན་དུ་གྱིའོ་ཞེས་ཁས་ལེན་བྱས་པ་ཡིན། དེར་བརྟེན་ངོས་རང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་དུ་སླེབས་སྐབས་ངོས་ཀྱིས་བྷ་ཧུ་གྷུ་ནར་ཁས་ལེན་བྱས་པ་དེ་བཞིན་དུས་དུས་ལ་ཁྱེད་རང་ཚོར་དྲན་གསོ་གཏོང་གི་ཡོད་པས་དེ་རིང་འདིར་ཡང་ཁྱེད་རང་ཚོར་དྲན་གསོ་གཏོང་གི་ཡོད་པས་སེམས་ལ་ངེས་པ་བྱེད་རོགས། ང་ཚོ་ཚང་མས་ཆོས་ཀྱི་སྐད་ཆ་ཤོད་སྐབས་མི་རིགས་དང་ལུང་པའི་དབྱེ་བ་མེད། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་པས་ཐུགས་མཐུན་ཁྲིམས་གཙང་བྱ་རྒྱུ་གལ་ཆེན་པོ་ཡིན་ཐུགས་རྗེ་ཆེ་བཀྲིས་བདེ་ལེགས་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།
ྋགོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཐང་ཆེན་དུ་ཧི་མཱ་ལ་ཡི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།