༢༠༡༡ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་རྟེན་གཞི་བྱས་པའི་བོད་མིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མོ་ངོ་ ༢༢ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་གཉིས་མོ་སི་ཁོའི་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་མོ་སི་ཁོའི་ནང་པའི་ཆོས་ཚོགས་ (Moscow Buddhist Center of Lama Tsongkapa) ཞེས་པར་ཨུ་རུ་སུ་ནང་པ་དང། ཁལ་མུཀ། བྷུར་ཡ། ཐུ་ཝ། དེ་བཞིན་བོད་དང་བོད་མིའི་གྲོོགས་པོ་རྣམས་འདུ་འཛོམས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་སྨོན་ལམ་གསུང་འདོན་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང། འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ། ཀུན་ཁྱབ་འགན་འཁུར་བཅས་གོང་སྤེལ་གཏོང་ཆེད་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་བཞིན་ཡོད། མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་ནང་གུས་འདུད་དང་དགའ་མོས་ཆེ་ཤོས་ཞུ་སའི་ཆོས་ཕྱོགས་དང་བཟང་སྤྱོད་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་གི་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་ཀྱང་མགོན་པོ་གང་ཉིད་མཆོག་གི་གཙོ་བོའི་མཛད་འགན་གཉིས་ནི་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་རྒྱུ་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་གཏོང་གནང་མཛད་རྒྱུ་དེ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། དེ་ཉིན་བོད་ཚེས་བཅོ་ལྔ་འཁེལ་བ་དང་སྟབས་བསྟུན་བོད་ནང་བོད་བསྟན་སྲིད་ཀྱི་སླད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་དེར་འདུས་བོད་པའི་དགེ་འདུན་པ་རྣམས་ཀྱིས་བླ་མ་མཆོད་པའི་ཚོགས་དང་སྨོན་ལམ་གསུང་འདོན་གནང་ཡོད།
ཆོས་ཕྱོགས་ཀྱི་ལས་རིམ་ཁག་གྲུབ་རྗེས་ཐུ་ཝ་དང། ཁལ་མུཀ། བྷུར་ཡ། ཨུ་རུ་སུའི་བཅས་ཀྱི་གཞས་མ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གནང་ཡོད་པ་མ་ཟད། ཨུ་རུ་སུའི་གླུ་གཞས་ཡོངས་གྲགས་རེ་བ་ (NADESHDA) ཞེས་པའི་མཉམ་གཞས་དེ་བཏང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།