༢༠༡༡ ཟླ་ ༡༢ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་སྦོ་སི་ཊོན་ནང་ཡོད་པའི་སྙན་གྲགས་ཅན་གྱི་ཧ་ཝར་ཌེ་གཙུག་ལག་སློབ་གྲྭ་ཆེན་མོའི་(Harvard University)ནང་བོད་ཀྱི་ཉེ་རབས་ལོ་རྒྱུས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གི་ཐོག་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང༌ཕྱི་ཟླ་ ༡༢ ཚེས་ ༢ ཉིན་གྱི་དགོང་དྲོ་གཙུག་ལག་སློབ་ཆེན་དེའི་ནང་ཡོད་པའི་ (Harvard Extension International Relations Club)ཞེས་པའི་སློབ་ཕྲུག་ཚོགས་པས་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། མི་ནི་སུད་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འཇིགས་མེད་ཨོ་རྒྱན་ལགས་གཉིས་ཀྱིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ངོ་སྤྲོད་གནང་ཡོད་ཅིང༌། ལས་རིམ་གོ་སྒྲིག་ཐོག་གཙོ་བོ་འགན་འཁུར་གནང་མཁན་ནི་སློབ་ཆེན་དེར་རྒྱལ་སྤྱིའི་འབྲེལ་ལམ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་སིན་རྫི་ཚང་བསྟན་འཛིན་བདེ་སྐྱིད་ལགས་རེད།
སྐུ་ཚབ་དོན་གཅོད་ཀྱིས་ཉེ་རབས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བའི་སྐབས། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་གང་འདྲ་བྱས་ནས་བཙན་འོག་ཏུ་ཚུད་པའི་སྐོར་དང༌། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཙན་དབང་འོག་བཞག་དགོས་བྱུང་བའི་རྗེས་ནས་ ༡༩༥༩ བར་མི་ལོ་བརྒྱད་རིང་༸གོང་ས་མཆོག་གིས་རྒྱ་གཞུང་དང་མཉམ་དུ་སྐད་ཆ་བཤད་དེ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་ཇི་ལྟར་མཛད་སྐོར། དེ་ནས་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། བཙན་བྱོལ་དུ་ཕེབས་མ་ཐག་གྲོས་མཐུན་དོན་ཚན་ ༡༧ ངོས་ལེན་མེད་པའི་གསལ་བསྒྲགས་མཛད་པའི་སྐོར། དེ་བཞིན་བཙན་བྱོལ་ནང་མང་གཙོའི་ལམ་བཟང་གསར་གཏོད་མཛད་པ་སོགས་མང་གཙོའི་འཕེལ་རིམ། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་འབད་བརྩོན་ཇི་ལྟར་མཛད་སྐོར། ཕྱི་ལོ་ ༡༩༧༤ ལོ་ནས་གང་ཅིའི་གནས་བབ་འགྱུར་འགྲོས་ལ་གཞིགས་ཏེ་རང་བཙན་རྩོད་ལེན་གནང་བའི་སྲིད་བྱུས་ལ་འགྱུར་བ་གཏོང་གནང་མཛད་དེ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གྱི་སྲིད་བྱུས་བཟང་གནང་མཛད་པ།
ལོ་རབས་བརྒྱད་ཅུ་དང༌། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་གྱི་ལས་འགུལ་ཇི་ལྟར་བྱུང་བ་སོགས་ཉེ་རབས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང༌། དེ་རྗེས་འཇིགས་མེད་ཨོ་རྒྱན་ལགས་ཀྱིས་ ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང༌། ཉེ་ལམ་བོད་ནང་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་ཐོན་པའི་སྐོར་ངོ་སྤྲོད་གནང་འདུག
ཐེངས་འདིའི་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་དེར་གཙུག་སློབ་ཆེན་གྱི་དགེ་སློབ་སོགས་ཁྱོན་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དང༌། སྐུ་ཚབ་དོན་གཅོད་ལགས་དང༌། འཇིགས་མེད་ཨོ་རྒྱན་ལགས་གཉིས་ཀྱིས་ལས་རིམ་ནང་མཉམ་ཞུགས་མཁན་ཚོས་བཏོན་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ལས་རིམ་གོ་སྒྲིག་གི་གཙོ་བོ་འགན་འཁུར་གནང་མཁན་བོད་རིགས་སློབ་མ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ཐེངས་འདིར་ཧ་ཝར་ཌེ་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་ཚོགས་པས་བོད་ཀྱི་ཉེ་རབས་ལོ་རྒྱུས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་གཙུག་ལག་སློབ་ཆེན་གྱི་དགེ་སློབ་ཚོས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང༌། ཐུན་མོང་མ་ཡིན་པའི་རིག་གཞུང་ཤེས་རྟོགས་ཡོང་བའི་ཆེད་དུ་ཡིན་ཞིང༌། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། འཇིགས་མེད་ཨོ་རྒྱན་ལགས་ཀྱི་གསུང་བཤད་གྲུབ་རྗེས་ལོ་ཆུང་གཞས་མ་བསྟན་འཛིན་ཀུན་གསལ་གྱིས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ནང་མ་སྟོད་གཞས་ཁག་གཅིག་འཁྲབ་སྟོན་ཞུས་ཡོད་པ་བཅས། །