སླར་ཡང་བོད་མི་ཞིག་གིས་རྒྱ་དམར་གྱི་གདུག་རྩུབ་བཟོད་མ་ཐུབ་ནས་སྐུ་ལུས་ཞུགས་མེར་སྒྲོན་པ།
༄༅། །དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པ་ཁམས་ཆབ་མདོ་ཀརྨ་ཤང་ གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེ་ནས་ཡིན་པ་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཀརྨ་ཤང་དུ་རང་ལུས་ཞུགས་མེར་ཕུལ་ཏེ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་སྐབས་ རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གསོན་དཀའ་བའི་གནས་སུ་གྱུར་ཡོད་འདུག
སྐབས་དེར་ཁོང་གིས་ཡིག་ཆ་འདྲ་མིན་གཏོར་འགྲེམས་དང་འབྲེལ་སྐད་འབོད་གནང་འདུག ཡིག་ཆ་དེ་དག་གི་ནང་དོན་དང་། སྐད་འབོད་གང་ཞིག་བརྒྱབས་མིན་ད་ལྟའི་ཆར་གསལ་རྟོགས་མི་འདུག ཁོང་ནི་ཆབ་མདོ་ཀརྨ་དགོན་པར་གྲྭ་པ་གནང་མྱོང་བ་ཞིག་ཡིན་འདུག སྐུ་ལུས་ལ་ཞུགས་མེ་མཆེད་བཞིན་པའི་སྐབས་རྒྱ་གཞུང་ཉེན་རྟོག་པས་མེ་བསད་དེ་ཆབ་ མདོ་དམག་མིའི་སྨན་ཁང་ཞིག་ཏུ་འཁྱེར་འདུག་ཀྱང་། ནང་མི་གཉེན་ཉེ་སོགས་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་བཅུག་གི་མེད་གནས་འདུག
འདི་ནས་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བསྟན་འཛིན་ ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མཆོད་མེར་མ་ཕུལ་གོང་དུ་ས་གནས་གནད་ཡོད་མི་སྣ་ཁག་ ཅིག་ལ་རྒྱ་གཞུང་ནས་ཀརྨ་དགོན་པའི་བླ་མ་དང་གྲྭ་པ་འཛིན་བཟུང་གིས་གཙོས་བོད་དང་ བོད་མིའི་ཐོག་གདུག་རྩུབ་མནར་གཅོད་འདི་ལྟར་མུ་མཐུད་བྱས་ཚེ་བཟོད་ཐབས་བྲལ་བ་ ཞིག་ཡིན་སྐོར་གསུངས་ཡོད་གནས་འདུག
དེ་ལྟའི་ལས་འགུལ་བརྩམས་དགོས་པའི་རྒྱུ་མཚན་ནི་རྒྱ་དམར་གཞུང་ནས་སྤྱིར་བོད་ ས་ཡོངས་དང་སྒོས་སུ་བོད་རང་སྐྱོང་ལྗོངས་ཟེར་བར་བོད་མིར་དྲག་སྤྱོད་དང་། གདུག་རྩུབ་ཇེ་མང་བཏང་དང་གཏོང་བཞིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཐོ་རངས་ཚོུད་ ༤ པར་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་འབར་རྫས་གས་གཏོར་བྱུང་བ་ནས་བཟུང་ ཀརྨ་དགོན་དང་དེའི་ཉེ་འདབས་སུ་སྡོད་མཁན་ཚོར་འགྲིམ་འགྲུལ་བཀག་བསྡོམས་སོགས་ དམིགས་བསལ་དམ་དྲག་བཙིར་གནོན་བྱེད་བཞིན་ཡོད་པ་དང་། ཀརྨ་དགོན་གྱི་མཁན་པོ་རྣམ་སྲས་བསོད་ནམས་དང། བློ་གྲོས་རབ་གསལ་སོགས་འཛིན་བཟུང་བྱས་པ་དང་། དེའི་རྗེས་སུ་དགོན་དེའི་གྲྭ་བདུན་ཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་གསར་ ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་རེད།
མདོ་དོན་ཡང་སྙིང་རྒྱ་དམར་གཞུང་གི་གདུག་རྩུབ་ཚད་བྲལ་ལ་བཟོད་མ་ཐུབ་ནས་སྐུ་ ལུས་ཞུགས་མེར་སྒྲོན་པ་ཞིག་ཡིན། རྒྱ་དམར་གཞུང་གི་གདུག་རྩུབ་དེ་རིགས་མཚམས་འཇོག་མ་བྱས་ཚེ་མ་འོངས་པར་བོད་ནང་ གི་གནས་སྟངས་ཆེས་ཛ་དྲག་ཏུ་གྱར་ཉེན་འདུག་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ དང་། རང་དབང་ལ་དགའ་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་དམིགས་བསལ་དོ་ འཁུར་བཞེས་པའི་ཐོག་བོད་ས་ཡོངས་ཀྱི་དངོས་ཡོད་གནས་སྟངས་ཇི་ཡོད་རྟོག་ཞིབ་པ་ འཕྲལ་གཏོང་དང་འབྲེལ་བོད་མིའི་དཀའ་སྡུག་སེལ་ཐབས་དགོས་པའི་འབོད་བསྐུལ་ནན་མོ་ ཞུ་བཞིན་ཡོད་པ་བཅས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢ ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
གསར་གནས།
འབྲེལ་གནས།