༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས།
༄༅། འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༢ ནས་ ༢༦ བར་ཉིན་གྲངས་ལྔའི་རིང་ཕི་ལི་པིན་གྱི་རྒྱལ་ས་མ་ནི་ལར། མནར་གཅོད་སྨན་བཅོས་རུ་ཁག་ Medical Action Group དང༌། རྒྱལ་སྤྱིའི་མནར་གཅོད་ཕོག་མི་བསྐྱར་གསོ་ལས་འགུལ་ལྷན་ཁང་ International Rehabilitation Council for Torture Victims (IRCT) ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་ཤར་གླིང་ཨེ་ཤི་ཡའི་ཚོགས་ཆེན་ཞིག་ཚོགས་ཡོད། དེ་ཡང་ཚོགས་ཆེན་དེར་ཨེ་ཤི་ཡའི་རྒྱལ་ཁབ་ཁོངས་ནས་རྒྱ་གར་དང༌། ཕི་ལི་པིན། ཨིན་ཌོ་ནེ་ཤི་ཡ། ཁམ་བྷོ་ཌི་ཡ། བྷང་ལ་དྷེ་ཤི། པ་ཀི་སི་ཐན། ཐེ་ལན་ཌི། ཧོང་ཀོང༌། ཤྲི་ལངྐ༌། བལ་ཡུལ། རྒྱ་ནག་བཅས་རྒྱལ་ཁབ་ ༡༡ ནས་ཚོགས་བཅར་བ་གྲངས་ ༤༠ ཙམ་ཕེབས་ཡོད་ཁོངས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་ཕོག་མིར་རོགས་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམ་རྒྱལ་དོན་གྲུབ་ལགས་ཀྱང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་ཡོད།
ཚོགས་འདུའི་བརྗོད་གཞི་ནི། མནར་གཅོད་ཕོག་མིར་སོ་སོའི་མི་ཚེ་བསྐྱར་གསོ་བྱ་རྒྱུར་ཁྲིམས་ཀྱི་མདུན་སར་དྲང་བདེན་གྱི་གོ་སྐབས། “Access to Justice of Victims of Torture in Rehabilitation” ཞེས་པ་ཡིན་འདུག
· ཚོགས་འདུའི་སྐབས་འཕྲོད་བསྟེན་ལས་བྱེད་རྣམ་རྒྱལ་དོན་གྲུབ་ལགས་ཀྱིས། བོད་ནང་ཆབ་སྲིད་བཙོན་པ་རྣམས་ལ་བསམ་ཡུལ་ལས་འདས་པའི་གདུག་རྩུབ་མནར་གཅོད་ཇི་ལྟར་གཏོང་ཚུལ་དང༌། ལྷག་པར་དེང་སྐབས་བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་མི་ ༡༡ གིས་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་གཏོང་བྱས་པའི་བརྙན་འཕྲིན་དཔར་ཐུང་ཐུང་ཞིག་ཀྱང་བསྟན་འདུག
· བོད་ནང་གི་ཆབ་སྲིད་བཙོན་པ་རྒྱ་གར་དུ་ཕེབས་འབྱོར་ཐུབ་པ་རྣམས་ལ། ཆབ་སྲིད་བཙོན་ཟུར་དོ་བདག་དང༌། འབྲེལ་ཡོད་ནང་མི་བཅས་པར་བོད་མིའི་སྒྲིག་འཛུགས་ནས་འཚོ་བའི་དཀའ་སེལ་མཐུན་རྐྱེན་དུ་འཚོ་སྣོན་དང༌། སྨན་བཅོས། དུས་ནས་དུས་སུ་ཁྱིམ་དུ་ལྟ་བསྐོར། སེམས་གསོ།
འཕྲོད་བསྟེན་སློབ་གསོ་དང་སྦྱོང་བརྡར་སོགས་གནང་དང་གནང་མུས་སྐོར་གློག་ཀླད་ཀྱི་ལམ་ནས་ཚོགས་བཅར་བ་རྣམས་ལ་ངོ་སྤྲོད་བསྟན་ཡོད། ཁོང་གིས་གསུང་བཤད་གནང་གྲུབ་མཚམས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་དྲི་བ་དྲིས་ལན་ཡང་གནང་འདུག རང་བཙན་རྒྱལ་ཁབ་ཁག་གི་ནང་མནར་གཅོད་ཕོག་པའི་གང་ཟག་གང་ཞིག་ལ་ཁྲིམས་གཏུག་བྱ་རྒྱུའི་གོ་སྐབས་ཡོད་པ་བཞིན། བོད་ནང་མནར་གཅོད་ཕོག་རྣམས་མནར་གཅོད་ཕོག་མི་གཞན་དང་གཅིག་མཚུངས་ཡིན་ནའང་དེ་ལྟར་ཁྲིམས་གཏུགས་བྱ་རྒྱུའི་གོ་སྐབས་མེད་པ་ཅེས་འགྲེལ་བརྗོད་གནང་ཡོད།