༢༠༡༡ ཟླ་ ༡༢ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གི་ཚོགས་ཁང་དུ་སྲི་ཞུ་བ་རྣམས་ལ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དབུ་བཞུགས་ཐོག ཨ་རིའི་ཌེ་ལ་ཝར་མངའ་སྡེའི་གཙུག་ལག་སློབ་གྲྭའི་(Delaware State University)གཙུག་ལག་སློབ་དཔོན་ཆེན་མོ་སྐུ་ཞབས་ཁྲན་ཡིང་ཧུང་(Chen yinghong)ལགས་དང་ཨ་རིའི་སི་ཊི་ཡུ་ནི་ཝར་སི་ཊི་ནིའུ་ཡོཀ་(City University of New York)གི་གཙུག་ལག་སློབ་དཔོན་ཆེན་མོ་སྐུ་ཞབས་པེ་ཊར་ཀོང་(Peter Kwong)ལགས དེ་བཞིན་སི་ཊི་ཡུ་ནི་ཝར་སི་ཊི་ནིའུ་ཡོཀ་(City University of New York ) གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཤ་མིང་(Xia Ming)བཅས་ཀྱིས་རྒྱ་ནག་མི་མང་གིས་བོད་དང་བོད་མིའི་ཐོག་ལྟ་སྣང་མཐོང་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་མི་རེ་རེས་སྐར་མ་ ༡༥ ཙམ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་དོན། དེ་རིང་འདིར་ཨ་རི་ནས་རྒྱ་རིགས་མཁས་དབང་གསུམ་ཕེབས་ཡོད་པ་ཁོང་རྣམས་ནི་ཤེས་ཡོན་ཅན་དང་བསམ་བློ་གུ་ཡངས་ཀྱི་གྲས་ཤིག་ཡིན། ཁོང་ཚོས་སོ་སོས་འགྲོ་སོང་བཏང་སྟེ་རྡ་སར་ཕེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང། ང་ཚོས་ཁོང་ཚོའི་བརྒྱུད་ནས་རྒྱ་མིའི་སྤྱི་ཚོགས་ནང་བོད་པའི་འཐབ་རྩོད་ཀྱི་ངོ་བོ་དང་འགྲེལ་བཤད་ཡག་པོ་བརྒྱབ་ཐུབ་པའི་རེ་བ་དང་བཅས་ཁོང་ཚོར་ཕེབས་བསུ་ཞུ་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན། ཕྱི་དྲིལ་ཡིག་བསྒྱུར་སྡེ་ཚན་གྱི་འགན་འཛིན་བུ་ཆུང་བསོད་ནམས་ལགས་ཀྱིས་རྒྱ་རིགས་སློབ་དཔོན་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་རྗེས་ཐོག་མར་སྐུ་ཞབས་ཁྲན་ཡིང་ཧུང་གིས་གསུངས་དོན། ཉེ་ལམ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཡུ་རོབ་ཁུལ་དུ་༸ཞབས་སོར་འཁོད་སྐབས་བཀའ་སློབ་གཅིག་སྩལ་བའི་ནང་། རྒྱ་རིགས་ཤིག་གིས་ཡི་གེ་ཞིག་ཕྱག་ཏུ་འབུལ་ལམ་ཞུས་ཡོད་པ་དེའི་ནང་རྒྱ་རིགས་དེས་ཐོག་མའི་ཆར་བོད་རྒྱ་མི་རིགས་དབར་དང་རྒྱ་ནག་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དབར་གྱི་འབྲེལ་ལམ་སྐོར་གང་ཡང་ཤེས་ཀྱི་མེད་པ་དང་། ཉིན་གཅིག་བོད་པ་ཞིག་བརྒྱུད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྐོར་གོ་ཐོས་བྱུང་ཡོད། ཁོང་གི་བསམ་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེ་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོས་ཤེས་པ་ཡིན་ན་བོད་མི་ཚོའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་ཡོང་རྒྱུ་རེད། ཅེས་སོགས་འཁོད་ཡོད། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་མི་རིགས་ཚོ་དང་ཐུག་རྒྱུའི་གོ་སྐབས་གང་མང་འཚོལ་ཐབས་ཀྱིས་རྒྱ་ནག་མི་མང་ལ་ཁོང་གིས་ཡིད་ཆེས་དམ་ཟབ་ཡོད་པ་གསལ་སྟོན་གནང་ཐབས་མཛད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་ཞབས་པེ་ཊར་ཀོང་མཆོག་གིས་ཕྱིར་སྡོད་རྒྱ་རིགས་སྐོར་གཏམ་བཤད་གནང་སྐབས། དེང་སྐབས་རྒྱ་རིགས་ས་ཡ་ ༤༠ ཙམ་རྒྱ་ནག་གི་ཕྱི་ལ་གནས་སྡོད་བྱེད་བཞིན་ཡོད་པ་ནས་ས་ཡ་ ༢༠ ཙམ་ཕྱི་ལོ་ ༡༩༧༨ རྗེས་སུ་ཕྱི་ལ་གནས་སྤོས་བྱས་ཡོད། དེར་བརྟེན་འཛམ་གླིང་ནང་རང་ཡུལ་བཞག་ནས་གཞན་ཡུལ་དུ་གནས་སྡོད་བྱེད་མཁན་མང་ཤོས་དེ་རྒྱ་རིགས་ཆགས་ཡོད། ཕྱིར་སྡོད་རྒྱ་རིགས་དེ་དག་རྒྱལ་ཁབ་ ༡༥༠ ཙམ་གྱི་ནང་ཡོད་པ་དང། རྒྱ་རིགས་ཕོན་ཆེ་སྡེབས་གཅིག་ཏུ་ཕྱིར་སྡོད་བྱ་རྒྱུ་དེ་དུས་རབས་ ༡༩ དཀྱིལ་ཙམ་དུ་འགོ་བཙུགས་ཡོད། སྔར་རྒྱ་རིགས་རྩ་བ་ནས་མེད་ས་ལྷོ་ཨ་ཕི་རི་ཀའི་ནང་ད་ཆ་རྒྱ་རིགས་ ༡༠༠༠ ཙམ་དང། ཨི་སི་རེལ་ནང་དུ་རྒྱ་རིགས་ ༣༨༠༠༠ ཙམ་ཡོད་དེ་བཞིན་ཨར་ཇེན་ཊི་ནའི་ནང་དུ་རྒྱ་རིགས་སྟོང་ཕྲག་འགའ་ཤས་ཡོད། གྲངས་འབོར་དེ་དག་ཧ་ཅང་ཕོན་ཆེན་པོ་ཆགས་ཡོད། བྱུང་རབས་ལོ་རྒྱུས་ཁྲོད་ཕྱིར་སྡོད་རྒྱ་རིགས་ཚོས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ཧ་ཅང་སྤྲད་ཡོད།
ཕྱིར་སྡོད་རྒྱ་རིགས་དཔེར་ན་ཌོཀ་ཊར་སན་ཡ་སན་(Dr.Sun Yat Sen)ལྟ་བུས་ཨ་རིའི་ནང་ཚོགས་པ་བཙུགས་པ་མ་ཟད། དཔལ་འབྱོར་འདུ་འགོད་དང་དེ་བཞིན་རང་དབང་ཐོག་ནས་རྒྱ་ནག་གི་སྲིད་གཞུང་ལ་སྐྱོན་བརྗོད་བྱས་པ་སོགས་ལ་བརྟེན་ནས་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོས་ཡིད་སྨོན་སྐྱེས་དགོས་པའི་གནས་ཚུལ་བྱུང་བ་དེ་དག་བརྒྱུད། ཕྱིར་སྡོད་རྒྱ་རིགས་ཚོས་རྒྱ་ནག་གཞུང་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱ་རྒྱུ་ཙམ་མ་ཟད། གནོན་ཤུགས་ཀྱང་སྤྲད་པ་སོགས་ཕན་གནོད་གཉིས་ཀ་བྱས་ཡོད། དེར་བརྟེན་དེ་རིང་ངས་ཕྱིར་སྡོད་རྒྱ་རིགས་ཚོས་ད་ལྟ་དང་མ་འོངས་བོད་ཀྱི་གནད་དོན་ཐོག་གལ་གནད་ཆེ་ཆུང་ཇི་ཙམ་ཆགས་ཡོད་མེད་སྐོར་བརྗོད་རྒྱུ་ཡིན།
ཕྱིར་སྡོད་རྒྱ་རིགས་ཚོར་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོར་འཛིན་པའི་བསམ་ཚུལ་མཁྲེགས་པོ་ཡོད། ཁོང་ཚོའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་ཙམ་གལ་གནད་ཆེན་པོ་མ་རྩི་བའི་ཐོག་སྐབས་རེ་སྣང་བ་དེ་ཙམ་གཏོང་གི་མེད། དེར་བརྟེན་ཁོང་ཚོར་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་དང་ཁོང་ཚོའི་སྐོར་རྒྱུས་མངའ་དེ་ཙམ་མེད། འོན་ཀྱང་ཕྱིར་སྡོད་རྒྱ་རིགས་ཚོའི་བསམ་ཚུལ་གཅིག་མཚུངས་ཤིག་མེད་ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན། སྐུ་ཞབས་ཤ་མིང་ལགས་ཀྱིས་གསུང་བཤད་གནང་དོན། དེང་སྐབས་བཙན་བྱོལ་བོད་མི་ཚོར་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། བོད་ཀྱི་གནས་སྟངས་དེ་བཞིན་དེང་སྐབས་དཀའ་ངལ་གང་ཙམ་ཞིག་འོག་ཡོད་པ་ངས་ངོས་འཛིན་ཞུ་བཞིན་ཡོད། དེང་སྐབས་བོད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་ཙམ་ཞིག་མིན་པར་ཆོས་དད་དང་རིག་གཞུང་། ངོ་བོ་བཅས་པར་དཀའ་ངལ་འོག་ཚུད་ཡོད། འདི་ལོར་གནད་དོན་གལ་གནད་ཅན་བཞི་ཙམ་བྱུང་ཡོད་པ་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཕེབས་པ་དང། བཀའ་ཁྲི་གསར་པ་བསྐོ་གཞག་གནང་བ་དང། བཙན་བྱོལ་བོད་མི་ཚོས་དོན་དམ་གྱི་མང་གཙོར་ལོངས་སུ་སྤྱོད་ཐུབ་པ་དང། དེ་ནས་རང་ལུས་མེར་སྲེག་བཏང་ནས་བོད་མི་ཚོས་གེར་ལངས་བྱས་པ་བཅས་ཡིན། དེར་བརྟེན་གནད་དོན་གཙོ་གྲས་བཞི་པོས་ཕྱི་ནང་གི་བོད་མི་ཚང་མར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་མཐར། ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པབཅས།།