༢༠༡༡ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༦ ཉིན་ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་མཐོ་སློབ་ཁག་གི་ནང་བསྐྱོད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཐེངས་དྲུག་པ་དེ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་སློབ་མའི་སྡོད་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀ་མངའ་སྡེའི་ཁྲིམས་དང་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཨེ་སི་སུ་རེ་ཤི་ཀུ་མཱར་(Mr.S.SureshKumar)མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས། བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཤ་རེ་ཌི་(Mrs.Aasha Reddy) ལགས། བོད་ཁྱིམ་སློབ་མའི་ཉལ་ཁང་གི་འགན་འཛིན་སྐུ་ཞབས་དོན་གྲུབ་ལགས། དེ་བཞིན་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་སློབ་མ་བཅས་འདུ་འཛོམས་ཀྱིས་མཛད་སྒོ་དབུ་འཛུགས་གནངཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཐེངས་དྲུག་པ་དེ་འདིར་ཚོགས་ཀྱི་ཡོད་པ་མ་ཟད། ལྷན་ཚོགས་ཐེངས་དང་པོ་དེ་ཡང་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེངྒ་ལོར་ནང་ཚོགས་ཐུབ་པ་དེར་ང་རང་ཧ་ཅང་དགའ་པོ་བྱུང། ང་ཚོ་རྒྱ་གར་གྱི་བྷར་ཏི་ཡ་ཇན་ཏ་པར་ཊི་ཚོགས་པའི་ངོས་ནས་དུས་རྟག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་པའི་འགོ་ཁྲིད་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧ་རི་བྷ་ཇ་པ་ཡི་མཆོག་དང་ལལ་ཀི་རི་ཤི་ན་ཨ་ཌ་ཝཱ་ནི་མཆོག་རྣམ་གཉིས་ཀྱི་མཚོན་པའི་ཚོགས་པའི་འགོ་ཁྲིད་ཚོའི་ངོས་ནས་རྒྱུན་དུ་བོད་དོན་ཐོག་ཐུགས་སྣང་གིས་རྒྱབ་སྐྱོར་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་མཐོ་རིམ་སློབ་ཁག་ཏུ་བསྐྱོད་བཞིན་པའི་སློབ་མ་རྣམས་ནས་བོད་པའི་ངོ་ཚབ་ཐོག་སོ་སོའི་གནས་ཡུལ་གྱི་མཐོ་སློབ་ནང་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བོད་དོན་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་རྣམས་གསལ་བཤད་གནང་སྟེ་གཞི་རིམ་གྱི་གནས་བབ་ཐོག་ནས་བོད་དོན་འཐབ་རྩོད་ལ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་གནང་རྒྱུ་གལ་ཆེ་ཡིན་སྐོར་དང་། བོད་རིགས་ཡོངས་ལ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་གྱི་བརྒྱུད་ལམ་བསྐྲུན་རྒྱུའི་འགན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། གཞན་ཡང་དེ་ཉིན་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་གཟེངས་རྟགས་དེ་འདས་པའི་མི་ལོ་བཅུ་ལྷག་ཙམ་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཨ་ཤ་རེ་ཌི་ལགས་ལ་གནང་ཡོད། ད་ཐེངས་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་ཉེ་ཆར་བོད་ནང་རང་ལུས་མེར་སྲེག་བཏང་བའི་སྐོར་དངོས་ཡོད་གནས་ཚུལ་ཇི་ཡིན་གོ་རྟོགས་སྤེལ་རྒྱུ་དེ་ཡིན་འདུག ལྷན་ཚོགས་འདིའི་ཐོག་རྒྱ་གར་དང་བལ་ཡུལ་ནང་གི་མཐོ་སློབ་ཁག་བཅུ་བཞི་ནས་སློབ་མ་གྲངས་ ༦༨ བརྒལ་བས་མཉམ་ཞུགས་གནང་ཡོད་པ་བཅས།།
བྷེང་ལོར་དུ་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ཐེངས་དྲུག་པ་སྐོང་ཚོགས་གནང་བ།
གསར་གནས།
འབྲེལ་གནས།