༢༠༡༡ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༤ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དབྱིན་ཡིག་གི་དྲ་རྒྱའི་(tibet.net)རྣམ་པ་གསར་པ་དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་ཚན་པའི་(TCRC)འགན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་ཀྱིས་གཙོས་ཕྱག་རོགས་ལས་བྱེད་རྣམ་པ། བཀའ་དྲུང་ཡིག་ཚང་གི་བསྟན་འཛིན་ལེགས་བཤད་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱི་ནང་གསར་འགོད་པ་ཁག་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་རྣམ་རྒྱལ་ལེགས་བཤད་ལགས་ཀྱིས་ཕྱི་ལོ་ ༢༠༠༡ ལོར་གསར་སྐྲུན་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་
དྲ་རྒྱ་དེར་ད་ཆ་ཡར་རྒྱས་གང་ཙམ་ཞིག་བཏང་སྟེ་མཐུན་རྐྱེན་སྣ་མང་ལྡན་པའི་དྲ་རྒྱ་རྣམ་པ་གསར་པར་བསྒྱུར་བཅོས་བྱས་ཡོད་པའི་སྐོར་ངོ་སྤྲོད་གནང་། དེ་ནས་བཀའ་ཁྲི་མཆོག་ནས་དྲ་རྒྱའི་རྣམ་པ་གསར་པ་དབུ་འབྱེད་ཀྱིས་གསུང་བཤད་གནང་དོན། རྣམ་པ་ཚོར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དྲ་རྒྱ་གསར་བཟོའི་ཐད་དཀའ་ངལ་སྐྱོན་མཁན་འབྲེལ་ཡོད་ལས་བྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་དུས་དང་མཐུན་པའི་སྤྱི་ཚོགས་ཀྱི་འབྲེལ་མཐུད་དྲ་རྒྱ་ཁག་སོགས་ཡར་རྒྱས་བཏང་སྟེ་སྟབས་བདེའི་ཐོག་ནས་གཟིགས་ཐུབ་པ་དང་། ད་ཆ་ང་ཚོའི་དྲ་རྒྱ་འདིར་ཟླ་རེར་མི་གྲངས་ས་ཡ་གསུམ་དང་འབུམ་ལྔ་ཙམ་གྱི་གཟིགས་མཁན་ཡོད་ནའང། ད་དུང་ཟླ་རེའི་ནང་ས་ཡ་དྲུག་ཙམ་གཟིགས་མཁན་ཡོང་བའི་རེ་བ་ཡོད། འོན་ཀྱང་ད་དུང་ཡར་རྒྱས་གཏོང་རྒྱུ་མང་པོ་ཞིག་ལྷག་ཡོད་རེད་བསམ་གྱི་འདུག བོད་ཡིག་དང་འཕྲུལ་ཆས་ཐོག་ནས་འགྲིགས་མ་འགྲིག་གནས་སྟངས་མང་དག་ཅིག་ཡོད་ངེས་རེད། འཛམ་གླིང་གི་ཡུལ་ལུང་མང་པོ་ཞིག་དང་འབྲེལ་བ་བྱེད་དགོས་སྟབས་དྲ་རྒྱ་གལ་ཆེན་པོ་ཆགས་ཡོད། རྒྱལ་ཁབ་ ༡༤༥ ནས་དྲ་རྒྱ་འདིར་གཟིགས་མཁན་ཡོད་པ་བཞིན་དེའི་ནང་ནས་བརྒྱ་ཆ་ ༢༥ རྒྱ་ནག་ཆགས་ཡོད། ཕལ་ཆེར་བོད་ནང་གི་བོད་མིས་གང་ཙམ་གཟིགས་ཀྱི་ཡོད་པ་ར་འཕྲོད་པ་ཆགས་ཀྱི་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་འདི་ནི་ཕྱི་ལོ་ ༢༠༠༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་དེ་འཛམ་གླིང་ནང་གི་རྒྱལ་ཁབ་ ༡༤༥ དང་རྒྱལ་ཁབ་ཆེ་ཁག་ཨ་རི་དང་། ཁེ་ཎ་ཌ། ཡུ་རོབ། རྒྱ་གར། རྒྱ་ནག་སོགས་རྒྱལ་ཁབ་ཁག་ ༢༥ ཙམ་ནས་མང་ཤོས་གཟིགས་མཁན་ཡོད་འདུག་པ་བཅས། །