༢༠༡༡ ཟླ་ ༡༢ ཚེས་ ༢༣ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༣ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་གི་རྭ་བའི་དབུས་སུ་རྒྱ་གར་ཁ་ཎ་ར་དངུལ་ཁང་གི་(Canara Bank)ཡན་ལག་དངུལ་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཀའ་ཁྲི་མཆོག་གིས་དངུལ་ཁང་གསར་པའི་དར་མཚོན་མདུད་པ་བཀྲོལ་རྗེས་སྣང་གསལ་ཞལ་ཕྱེ་དང་སྦྲགས། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་དང་བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། འབྲེལ་ཡོད་སྐུ་མགྲོན་རྣམ་པ་བཅས་ཀྱིས་རིམ་བཞིན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས་ཅན་དྷི་གར་དུ་རྟེན་གཞི་བྱས་པའི་ཁ་ཎ་རའི་དངུལ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་ཀ་སི་ཨ་དི་ཀ་རི་(Bikas Adhikari)ལགས་ཀྱིས་ཁ་ཎ་ར་དངུལ་ཁང་གི་ཡན་ལག་དངུལ་ཁང་གསར་འཛུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན།
ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དབུས་སུ་ས་བབ་ཧ་ཅང་མཛེས་སྡུག་ལྡན་པའི་ཐོག་ཁ་ཎ་རའི་ཡན་ལག་དངུལ་ཁང་གསར་པ་འཛུགས་རྒྱུའི་མཐུན་འགྱུར་རོགས་རམ་གནང་བར་ངས་སྙིང་ཐག་པ་ནས་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་ཎ་ར་དངུལ་ཁང་ནི་རྒྱ་གར་རྒྱལ་ཡོངས་ནང་དངུལ་ཁང་གཙོ་གྲས་ཤིག་ཆགས་ཡོད། རྒྱ་གར་ཁྱོན་ཡོངས་ཀྱི་ནང་ཁ་ཎ་རའི་དངུལ་ཁང་གི་ཡན་ལག་དངུལ་ཁང་ ༣༤༥༠ ལྷག་ཡོད་པ་དང། ཁ་ཎ་རའི་དངུལ་ཁང་འདི་བཞིན་རྒྱ་གར་རྒྱལ་ཡོངས་སུ་རི་ཛབ་བྷེང་ཨོབ་ཨིན་ཌི་ཡ་(Reserve Bank Of India)དང། སི་ཊེ་ཊི་བྷེང་ཨོབ་ཨིན་ཌི་ཡ། (State Bank Of India) བྷེང་ཨོབ་བྷ་རོ་ཌ། (Bank of Baroda) པན་ཇབ་ནེ་ཤན་ནལ་བྷེང།(Punjab National Bank) ཁ་ཎ་ར་བྷེང་(Canara Bank) བཅས་དངུལ་ཁང་གྲགས་ཆེ་ཤོས་ལྔའི་ཁོངས་སུ་གཏོགས་ཡོད། ཧི་མཱ་ཅལ་མངའ་སྡེའི་ནང་ཁ་ཎ་རའི་དངུལ་ཁང་གི་ཡན་ལག་དངུལ་ཁང་ད་བར་ཉི་ཤུ་ཡོད་པའི་ཐོག་དེ་རིང་སྒོ་འབྱེད་བྱས་པའི་ཡན་ལག་དངུལ་ཁང་འདི་ཡན་ལག་དངུལ་ཁང་ཉི་ཤུ་རྩ་གཅིག་པ་དེ་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་སྐུ་ཞབས་ཨ་དི་ཀ་རི་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་འདིར་གསར་འཛུགས་གནང་བའི་ཁ་ཎ་ར་དངུལ་ཁང་གི་ཡན་ལག་དངུལ་ཁང་གསར་པའི་འགན་འཛིན་ཨོ་རྒྱན་ནོར་བུ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན། འདིར་ཁ་ཎ་རའི་ཡན་ལག་དངུལ་ཁང་ཆེད་ས་ཆའི་མཐུན་འགྱུར་གནང་མཁན་ནི་སྔོན་གྱི་བཀའ་ཤག་ཆགས་ཡོད། ཁ་ཎ་རའི་ཡན་ལག་དངུལ་ཁང་འདིས་འདིར་འཁོད་བོད་མི་རྣམས་ལ་ཞབས་འདེགས་གང་ལེགས་ཞུ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན་འབྲེལ་ཡོད་དངུལ་ཁང་གིས་ལས་བྱེད་རྣམ་པས་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་ཏེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།