༢༠༡༡ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ ༢༠༡༡ ཟླ་ ༡༢ ཚེས་ ༢༧ ཉིན་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་མཆོག་ལ་དུས་དབང་སྤྱི་ཡོངས་གོ་སྒྲིག་གང་འདྲ་བྱུང་ཡོད་མེད་ཐོག་བཅར་འདྲི་ཞུས་པ་གཤམ་གསལ།
དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཐུབ་བསྟན་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས།
དྲི་བ། ད་ལྟའི་འཆར་དཔལ་དུས་ཀྱི་འཁོེར་ལོའི་དབང་ཆེན་གྱི་སྤྱི་ཡོངས་གྲ་སྒྲིག་གང་འདྲ་བྱུང་ཡོད་དམ།
ལན། སྤྱི་ཡོངས་ཆ་ནས་ང་ཚོས་གོ་སྒྲིག་ཧ་ཅང་ཡག་པོ་འགྲོ་མུས་ཡིན་པས་ཆོས་ཞུ་བ་རྣམས་སེམས་ཁྲལ་གང་ཡང་གནང་མི་དགོས། འོན་ཀྱང་མི་མང་གི་སྡོད་གནས་ཐོག་མངའ་སྡེའི་གཞུང་སྤྱི་དང་ས་ཆའི་གནས་བབ་ཐོག་ནས་དཀའ་ངལ་ཕྲན་བུ་འཕྲད་ཀྱི་འདུག དེ་མིན་གཟུགས་མཐོང་བརྙན་འཕྲིན་རྣམས་གྲ་སྒྲིག་ཧ་ཅང་ཡག་པོ་ཞུས་ཡོད།
དྲི་བ། ས་ཕྱོགས་ཁག་འདྲ་མིན་ཞིག་ནས་དད་ལྡན་ཆོས་ཞུ་བ་མང་དག་ཅིག་དོན་གཉེར་ཆེན་པོའི་ཐོག་ནས་ད་ལྟ་འབྱོར་དང་འབྱོར་མུས་ཡིན་པས་དེའི་ཐོག་རིན་པོ་ཆེར་ཚོར་སྣང་གང་འདྲ་བྱུང་ཡོད་དམ།
ལན། མི་མང་ངོས་ནས་དོ་སྣང་ཆེན་པོ་ཞིག་གནང་བཞིན་འདུག གང་ལ་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རྣལ་མ་ཞིག་ཡིན་པར་བརྟེན། མི་མང་ངོས་ནས་ས་གནས་དང་མཐུན་རྐྱེན་ཡག་པོ་མེད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་སངས་རྒྱས་གོ་འཕང་མ་ཐོབ་བར་དུ་ཉམས་ལེན་བྱ་རྒྱུ་ཡིན་སྟབས། མི་མང་གི་ངོས་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་ཆོས་ཞུ་རྒྱུར་དོ་སྣང་གནང་བ་མ་གཏོགས་དཔལ་འབྱོར་ལ་ཕངས་སེམས་བྱེད་ཀྱི་མེད་པའི་ཚོར་སྣང་ཡོང་བཞིན་འདུག དེར་བརྟེན་ང་ཚོ་གོ་སྒྲིག་ཞུ་མཁན་ཚོའི་ངོས་ནས་སེམས་ནང་སྤོབས་པ་སྐྱེས་པ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་ཀྱི་ཁྱད་དུ་འཕགས་པའི་ཁྱད་ཆོས་ཐམས་ཅད་མཁྱེན་པ་དེ་མི་མང་གི་ཧ་གོ་སོར་སྙམ་པའི་ང་ཚོར་ཡིད་ཆེས་བརྟན་པོ་རྙེད་བྱུང་།
དྲི་བ། སྤྱིར་བཏང་རགས་རྩིས་བྱས་ན་ད་ཐེངས་ཆོས་ཞུ་བ་ག་ཚོད་བཅར་གྱི་ཡོད་དམ།
ལན། ང་ཚོས་ད་ལྟ་རགས་རྩིས་བྱས་ན་ཁྲི་བདུན་ཙམ་ཞིག་བཅར་གྱི་མེད་དམ་སྙམ་གྱི་འདུག དེ་མིན་འབུམ་གཉིས་ཙམ་ལྟ་བུ་གསུང་མཁན་འདུག ངས་ཁ་གྲངས་ཏག་ཏག་བརྗོད་ཐུབ་ཀྱི་མི་འདུག
དྲི་བ། དེ་སྔོན་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་མི་མང་པོ་ཞིག་གིས་གསང་སྤྱོད་མི་འདེང་བའི་སེམས་འཁྲལ་གནང་མཁན་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་ད་ལྟའི་ཆར་དེའི་ཐོག་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་དམ།
ལན། གསུང་ཆོས་ར་བའི་ནང་ལ་གསང་སྤྱོད་ཐོག་དཀའ་ངལ་འཕྲད་རྒྱུ་རེད་བསམ་པ་དྲན་གྱི་མི་འདུག འོན་ཀྱང་མི་མང་སྡོད་གནས་སུ་དཀའ་ངལ་འཕྲད་སྲིད་པ་རེད། ང་ཚོ་གཞིས་ཆགས་སོགས་དེ་སྔོན་རང་ཉིད་བཞུགས་གནས་ཀྱི་གསང་སྤྱོད་དེ་ལྟར་ཡོང་ཐབས་མེད། གང་ལ་ཞེ་ན། ད་ཐེངས་ས་ཕྱོགས་འདྲ་མིན་ཞིག་ནས་མི་མང་པོ་ཞིག་འདུ་འཛོམས་ཡོད་པར་བརྟེན། ཆོས་ཞུ་བ་སྒེར་སོ་སོར་འཕྲོད་བསྟེན་སོགས་གང་ཅིའི་ཐོག་ལ་རང་ཉིད་ཀྱིས་དགོངས་བཞེས་གནང་རྒྱུ་ལས་ང་ཚོའི་ངོས་ནས་དཀའ་ངལ་ཡིན་པར་ངོས་འཛིན་ཞུ་གི་མེད། ང་ཚོས་མི་མང་གི་དཀའ་ངལ་སེལ་ཆེད་གང་ཐུབ་ཐུབ་ཞུས་དང་ཞུ་མུས་ཡིན། འོན་ཀྱང་མངའ་སྡེའི་གཞུང་ནས་ས་ཆ་ཁག་གཅིག་ལ་མཆོག་ཆན་ཐོབ་རྒྱུར་དཀའ་ངལ་ཕྲན་བུ་འཕྲད་བྱུང་བས་ང་ཚོའི་ངོས་ནས་ཆོས་ཞུ་བ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོའི་ངོས་ནས་ལས་ཀ་མ་བྱས་པ་རྩ་བ་ཉིད་ནས་མིན། ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་མི་མང་གི་དཀའ་ངལ་སེལ་ཆེད་ལས་ཀ་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་ཞུ་རྒྱུ་བཅས། །