༢༠༡༡ ཟླ་ ༡༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཉི་མའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རཱག་ནང་དུ་ཅལ་སི་གཙུག་ལག་སློབ་ཁང་(Charles University)གི་སྒྱུ་རྩལ་ཚན་པའི་བསྟི་གནས་ཁང་གི་ཚོགས་ཁང་ཞིག་ཏུ། རྒྱ་ནག་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་བ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨི་རན་གྱི་བུད་མེད་མང་གཙོ་དོན་གཉེར་བ་དང་དེ་སྔ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཤི་རིན་ཨི་བྷ་ཌི་(Shirin Ebadi)མཆོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་(Vaclav Havel)མཆོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཟིན་བྲིས་ཚོགས་ཆུང་གི་འགན་འཛིན་ལས་རོགས་སྐུ་ཞབས་སི་ཊེ་ཕན་ཧ་སེལ་(Stephane Hessels)མཆོག ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་བྷར་ན་ཌི་ཀོ་ཆི་ནར་(Bernard Kouchner)མཆོག རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཇིན་ལི་(Yang Jianli)བཅས་མཉམ་ཞུགས་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་པ་རཱག་ཌེཁེ་ལེ་རེ་ཤན་(Prague Declaration)ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། དེ་རིང་འདིར་ཨོ་སི་ལོར་རྐུབ་སྟེགས་སྟོང་པ་ཆགས་ཏེ་ལོ་ངོ་གཅིག་གི་རྗེས་ཨེ་ཤི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནས་སྟངས། ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་སྐབས་འདིར། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་མཆོག་གིས་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་ང་ཚོས་མཉམ་ཞུགས་ཐོག་རྒྱལ་སྤྱིའི་ནུས་པ་གཅིག་ཏུ་སྒྲིལ་ཏེ་གོ་ལ་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་འཛམ་གླིང་ཁྱོན་ཡོངས་སུ་སྲུང་བརྩི་ཞུས་ཡོད། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འགྲོ་བ་མི་ཚང་མར་རང་ཉིད་ལ་ཇི་འདོད་ཀྱི་འདོད་དོན་བསྒྲུབ་རྒྱུ་དང་མི་འདོད་པའི་འཇིགས་པ་ལས་གྲོལ་རྒྱུའི་རང་དབང་ཆ་ཚང་ཡོད། ཐོབ་ཐང་དེ་དག་འགྲོ་བ་མི་ཚང་མར་ཡོངས་ཁྱབ་གཅིག་མཚུངས་སུ་ཡོད། ཉེ་ལམ་ཨེ་ཤི་ཡའི་དཔལ་འབྱོར་ཡར་རྒྱས་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱལ་སྤྱིའི་ནང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཨེ་ཤི་ཡའི་ས་ཁུལ་འདྲ་མིན་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་དང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ལ་དོ་སྣང་དེ་ཙམ་སྤྲད་མེད། ང་ཚོས་རྒྱ་ནག་དང་བྱང་ཀོ་རི་ཡ། ༝ཨི་རན། སི་རི་ཡ་སོགས་ཀྱི་ནང་བལྟ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་འགྲོ་རྒྱུ་ལྟ་ཞོག་ད་དུང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མཐོང་ཐུབ། འབྱོར་ལྡན་རྒྱལ་ཁབ་ཚོས་དཀའ་ངལ་དེ་དག་ཤེས་བཞིན་དུ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་དེར་ང་ཚོར་ཧ་ཅང་སེམས་འཚབ་འདུག
རང་དབང་དང་མང་གཙོ། ཕྱི་གསལ་ནང་གསལ་གྱི་རྒྱ་ནག་ཞིག་བསྐྲུན་རྒྱུ་དེ་ནི་ཨེ་ཤི་ཡ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་སོགས་རྒྱ་ནག་ཏུ་ལག་བསྟར་བྱེད་དགོས། གང་ཡིན་བརྗོད་ན་རིན་ཐང་དེ་དག་ཁྱད་པར་འཕགས་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་རྨང་གཞི་ལྟ་བུ་ཆགས་ཡོད་པ་མ་ཟད། ཆིག་སྒྲིལ་དང་བརྟན་ལྷིང་ཡོང་རྒྱུར་རིན་ཐང་དེ་དག་མེད་དུ་མི་རུང་བའི་དགོས་ངེས་ཆ་རྐྱེན་ཞིག་ཀྱང་ཆགས་ཡོད།
དེར་བརྟེན་རྒྱ་ནག་ནང་རྒྱ་རིགས་མང་པོས་རང་སྲོག་འབེན་ལ་བཙུགས་ཏེ་མང་གཙོའི་ཆེད་འཐབ་རྩོད་བྱེད་མུས་ཡིན། རྒྱབ་ལྗོངས་ཀྱི་གནས་སྟངས་དེར་གཞི་བཅོལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རང་དབང་ཅན་གྱི་རྒྱལ་ཁབ་ཚོས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱབ་སྐྱོར་གནང་རྒྱུ་དེ་འོས་འགན་ཆགས་ཡོད་པ་མ་ཟད། ང་ཚོའི་ཕྱོགས་ནས་ཀྱང་རང་དབང་དང་མང་གཙོའི་ཆེད་འཐབ་རྩོད་གནང་མཁན་ཚོའི་སྙིང་སྟོབས་གོང་མཐོར་འདེགས་ཆེད་ལས་འགུལ་ཇི་འདྲ་ཞིག་སྤེལ་དགོས་ཀྱང་སྤེལ་རྒྱུ་དེ་ང་ཚོའི་འོས་འགན་ཆགས་ཡོད་ཞེས་སོགས་འཁོད་ཡོད་པ་བཅས།།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རཱག་ནང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་སྤེལ་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)