༢༠༡༡ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༠ ཉིན་ཆོས་འབྲེལ་ཉིན་གཉིས་པ་དབུ་འཛུགས་མཛད་པ་དང་འབྲེལ་དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་ཁྱད་པར་ཅན་དང་དུས་མཉམ་དུ་ཁལ་མུཀ་གི་ལོ་གསར་འཁེལ་གྱི་ཡོད་པར་བརྟེན་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་འཚམས་འདྲིའི་བཀའ་སློབ་སྩལ་དོན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་རྗེེས་འབྲང་པ་གཙོ་བོར་གྱུར་བའི་བོད་གངས་ཅན་ལྗོངས་ཀྱི་རིས་མེད་ཀྱི་མཁས་པ་མང་དག་ཅིག་གིས་དེ་རིང་རྗེ་རིན་པོ་ཆེའི་རྗེས་དྲན་ཐོག་ནས་སོ་སོའི་དམིགས་བསལ་གྱི་ཁ་འདོན་དགེ་སྦྱོར་བྱེད་ཀྱི་ཡོད། དེ་བཞིན་དེ་རིང་དགའ་ལྡན་ལྔ་མཆོད་ཀྱི་སྐབས་སུ་ཁྱེད་རང་ཚོ་ཁལ་མུཀ་གི་ལོ་གསར་འཁེལ་གྱི་ཡོད་སྟབས་ཁྱེད་རང་ཚང་མར་ལོ་གསར་པ་ལ་འཚམས་འདྲི་ཡོད། ཕྱོགས་མཚུངས་དེ་སྔ་སངས་རྒྱས་ཀྱི་ཆོས་མེད་མཁན་གྱི་ལུང་པའི་ནང་ནས་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་གསར་པ་བྱེད་སྐབས། ང་ཚོ་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་བྱེད་མཁན་ཚོའི་ངོས་ནས་མི་གཞན་གྱིས་ཞིབ་འཇུག་བྱེད་ས་ལྟ་བུ་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་སངས་རྒྱས་པའི་ཆོས་ལ་ཕྲན་བུ་སློབ་སྦྱོང་བྱས་ཏེ་ཤོད་རྒྱུ་ཡོད་པའི་ཐོག་ནས་སོ་སོ་རང་ཉིད་ཀྱིས་རྒྱལ་བའི་དགོངས་པ་དང་མཐུན་པའི་ལྟ་སྤྱོད་ཡག་པོ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་གཞན་ནས་དོ་སྣང་གང་ཡང་མེད་ན། ང་ཚོས་རྐང་བརྐྱང་ལག་བརྐྱང་བྱས་ནས་བསྡད་ན་ཁྱད་པར་གང་ཡང་མེད། མི་གཞན་གྱིས་དོ་སྣང་བྱེད་སྐབས་ཆོས་ཀྱི་རིན་ཐང་ཡོད་པ་དེར་སྔོན་ལ་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་དང་ཡིད་ཆེས། དེ་བཞིན་ཉམས་ལེན་བྱེད་མཁན་ང་ཚོའི་ངོས་ནས་སངས་རྒྱས་ཀྱི་ཆོས་ཀྱི་རིན་ཐང་དེ་སྒོ་གསུམ་གྱི་སྤྱོད་པའི་ཐོག་ནས་ཆ་ཚང་བ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ང་རང་ཚོ་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་བྱེད་མཁན་དེ་དག་གིས་སོ་སོའི་ཕ་མེས་ཀྱི་གཅེས་ནོར་ངོ་ཤེས་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཆོས་ལ་བདག་པོ་བརྒྱབ་ཅེས་དེ་ལྷ་ཁང་ཡོད་པའི་སྐད་ཆ་གང་ཡང་མིན། གང་ལྟར་རང་ཉིད་ཀྱི་སེམས་ནང་ལུང་རྟོགས་ཀྱི་ཡོན་ཏན་དེ་དག་མ་སྐྱེས་པ་རྣམས་སྐྱེས་པ་བྱེད་དགོས་པ་དང་སྐྱེས་པ་དེ་དག་གོང་ནས་གོང་དུ་འཕེལ་བར་བྱེད་དགོས། དེ་བཞིན་མི་ལ་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་དེ་དགོས་ཀྱི་ཡོད། གང་ལ་ཞེ་ན། མིར་ཁམས་དང་མོས་པ་སྣ་ཚོགས་ཤིག་ཡོད་པར་བརྟེན། ལྟ་གྲུབ་མི་འདྲ་བ་བྱུང་ན། ཁམས་དང་མོས་པ་མི་འདྲ་བ་དེ་དག་ཕན་ཐོགས་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་རང་ཉིད་ཀྱི་གདུལ་བྱ་གཅིག་གྱུར་ཡིན་མཁན་ནང་ལའང་ཁམས་དང་མོས་པ་མི་འདྲ་བ་ཡོད་སྟབས། ཐེག་པ་གསུམ་དང་གྲུབ་མཐའ་བཞི་བྱུང་ཡོད། ཁམས་དང་མོས་པ་སྣ་ཚོགས་ཡོད་པར་བརྟེན། སོ་སོའི་ཁམས་དང་མཐུན་པའི་ཉམས་ལེན་བྱ་རྒྱུ་ཞིག་བྱུང་ན་ནུས་པ་ཆེ་བ་ཡོད། དེར་བརྟེན་འཛམ་གླིང་འདིའི་ཐོག་ལྟ་གྲུབ་མི་འདྲ་བ་ཡོད་པའི་ཆོས་བརྒྱུད་དེ་དག་ཁམས་དང་མོས་པ་མི་འདྲ་བ་དེ་དག་ཕན་ཐོགས་ཡོད་པ་ཧ་ཅང་གསལ་པོ་རེད། ངོས་རང་ནང་པ་ཡིན་པ་ཙམ་མ་ཟད། ནང་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡིན། འོན་ཀྱང་འཛམ་གླིང་འདིའི་ཐོག་གི་མི་ཚང་མ་ནང་པ་བྱེད་དགོས་ཞེས་ངོས་ཀྱིས་ནམ་ཡང་བརྗོད་ཀྱི་མ་རེད། སོ་སོའི་ཁམས་དང་མོས་པར་མཐུན་པ་ཞིག་བྱུང་ན་ཡག་གི་རེད། ལྟ་བ་མི་འདྲ་བ་ཡོད་ཀྱང་བསླབ་བྱ་ཚང་མའི་ནང་བྱམས་པ་དང་བཟོད་སྒོམ་དགོས་ཞེས་གསུང་གི་འདུག ཆོས་ཁས་བླང་དང་མི་བླང་རང་ཉིད་ཀྱི་རང་དབང་རེད། ཆོས་ཁས་བླང་ན་སོ་སོའི་ཆོས་ནས་གསུངས་པ་དེ་དག་ལག་ལེན་བསྟར་དགོས། ཞེས་བཀའ་སློབ་ཕེབས་ཏེ་བཀའ་ཆོས་འཕྲོ་སྐྱོང་མུ་མཐུད་སྩལ་ཡོད་པ་བཅས། །