༢༠༡༡ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་སི་ལོ་ཝི་ནི་ཡ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་མི་སྣ་ཚོར་འགྲོ་བ་ཡོངས་ཀྱི་བདེ་རྩ་དང་ཁ་མ་བྲལ་བའི་ཐོག་རྒྱ་ཆེ་སར་བསམ་བློ་བཏང་སྟེ་ཚོང་ལས་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་གནས་མགྲོན་ཁང་ནང་ཚོང་དོན་གྱི་མི་སྣ་དང་ཁྱད་ལས་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་བྱུང་བ་རྣམས་ལ་བཀའ་སློབ་སྩལ་དོན། འདི་གར་ཕེབས་པའི་ཚོང་དོན་མི་སྣ་དང་ཁྱད་ལས་པ་ཁྱེད་རྣམས་ལ་ཐོག་མར་འཚམས་འདྲི་ཡོད། ཚོང་ལས་ནི་འཛམ་གླིང་འདིའི་ནང་འགྲོ་བ་མིའི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་འཚོ་བའི་མཐུན་རྐྱེན་མཁོ་སྒྲུབ་ཀྱི་ཡ་གྱལ་ཞིག་ཡིན། ཚོང་པས་ཁེ་ལས་ལ་རྟེན་ནས་འབྱོར་བ་ཕུན་སུམ་ཚོགས་པོ་ཡོང་ཐབས་ཀྱི་ཆེད་ལྷོ་ཚོང་བྱང་ལ་བརྒྱབ་པ་དང་བྱང་ཚོང་ལྷོར་བརྒྱབ་སྟེ་ཁེ་བཟང་སླད་ཚོང་པ་ཚོར་སེམས་ནང་དངངས་སྐྲག་ཡོང་གི་ཡོད། དཔེར་ན། ཁེ་བཟང་བྱུང་སྐབས་དགའ་སྣང་སྐྱེས་པ་དང་ཚོང་ལམ་ལྷོང་མ་བྱུང་སྐབས་སེམས་འཁྲུག་པ་དེ་འདྲ་ཡོང་གི་འདུག མདོར་ན་རང་གཞན་གཉིས་ཀར་ཁོང་ཁྲོ་སྐྱེས་ནས་མ་སྐྱིད་པ་ཡོང་གི་ཡོད། དེ་ནི་རང་ཉིད་ཀྱང་གཞན་ལ་རྟེན་ནས་འཚོ་བཞིན་ཡོད་པའི་སྦྱོང་བརྡར་མེད་པའི་ཐོག་འགྲོ་བ་སྤྱིའི་བདེ་རྩ་དང་རྒྱང་ཐག་རིང་བའི་རྐྱེན་གྱིས་ཡིན། རང་ཉིད་ཀྱང་གཞན་ལ་རྟེན་ནས་འཚོ་བཞིན་ཡོད་པ་ངེས་ཤེས་རྙེད་དགོས། དེ་ལྟར་བྱུང་ན་དཀའ་ངལ་འཕྲད་སྐབས་སེམས་ནང་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ངོས་རང་ལ་ཆ་བཞག་ན། ནང་པའི་དགེ་སློང་ཞིག་ཡིན་པས་ལྟ༌བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལམ་ལ་ངེས་ཤེས་རྙེད་རྒྱུར་རྟག་ཏུ་སྦྱོང་བརྡར་བྱེད་བཞིན་ཡོད། རྒྱུན་དུ་ལྟ་བ་རྟེན་འབྱུང་ལ་སྦྱོང་བརྡར་བྱས་པའི་བཀའ་དྲིན་གྱིས་སྐབས་རེ་དཀའ་ངལ་འཕྲད་སྐབས་ཕན་ཐོགས་ཡོང་གི་འདུག དཔེར་ན། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་བོད་ས་ཡོངས་ནས་བོད་ལ་རང་དབང་དགོས། ཞེས་སོགས་ཀྱི་སྐད་འབོད་བྱེད་མཁན་གྱི་བོད་མི་ཚོར་རྒྱ་ནག་གཞུང་ནས་འཆར་གཞི་ལྡན་པའི་སྒོ་ནས་དྲག་གནོན་གྱི་མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱེད་སྐབས་ངོས་ལ་ཧ་ཅང་དངངས་སྐྲག་བྱུང་། འོན་ཀྱང་ངོས་ཀྱིས་རྒྱུན་ལྡན་ལྟ་བ་རྟེན་འབྱུང་སོགས་ལ་སྦྱོང་བརྡར་བྱས་སྟབས། སེམས་འཁྲུག་པ་དང་ཁོང་ཁྲོ་སྐྱེས་པ་དེ་འདྲ་གང་ཡང་མ་བྱུང་། དེ་ནི་རྒྱུན་ལྡན་སྦྱོང་བརྡར་བྱས་པའི་འབྲས་བུ་རེད། དེར་བརྟེན་ཚོང་གི་ལས་ཀ་བྱེད་མཁན་ཚོས་རྒྱ་ཆེ་སར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག གང་ལ་ཞེ་ན། འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཡོད་པར་བརྟེན། ཁྱེད་རྣམས་ཀྱིས་དབུལ་ཕོངས་ཚོའི་བདེ་སྡུག་ལ་བསམ་བློ་བཏང་བ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་བསམ་བློ་གཏོང་ཐུབ་ན། སྐབས་རེ་ཚོང་ལམ་ལྷོང་མ་བྱུང་བའི་སྐབས་སུ་སེམས་པ་འཇོག་ས་ཞིག་ཡོང་ངེས་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་སི་ལོ་ཝི་ནི་ཡ་ནས་ཕེབས་པའི་ཚོང་དོན་མི་སྣ་དང་ཁྱད་ལས་པ་ཚོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།