༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ནུབ་བེང་གལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་རྟེན་གཞི་བྱས་པའི་(Mother Teresa)ཨ་མ་ཊེ་རེ་ས་དམ་པ་དེའི་ཚོགས་པ་གཙོ་བོར་གྱུར་བའི་ཚོགས་པ་ཁག་གཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུའི་ཉིན་མགོན་པོ་གང་ཉིད་མཆོག་ནུབ་བེང་གལ་གྱི་རྒྱལ་ས་ Kolkata,ཀོལ་ཀ་ཊར་༸ཞབས་སོར་འཁོད་ནས་ཐོག་མར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཨ་མ་ཊེ་རེ་སའི་ཐེབས་རྩ་ཁང་ནས་གོ་སྒྲིག་ཞུས་པའི་ཨ་མ་ཊེ་རེ་ས་འཁྲུངས་ཏེ་ལོ་བརྒྱ་འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་ཐོག་བཀའ་སློབ་སྩལ་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོལ་ཀ་ཊ་རྒྱ་གར་གྱི་ཚོང་ལས་གཙུག་ལག་སློབ་གཉེར་ཁང་(Indian Institute of Management Calcutta)ཞེས་པས་གདན་ཞུ་ལྟར་གཙུག་ལག་སློབ་གཉེར་ཁང་དེའི་གཏམ་བཤད་གོ་སྒྲིག་ཐེངས་དྲུག་པའི་ཐོག་དབུ་བཞུགས་འཛུགས་རྗེས་སློབ་གཉེར་ཁང་དེའི་ངེས་སྟོན་པས་༸གོང་ས་མཆོག་ལ་ཕེབས་བསུ་དང་སྦྲགས་སློབ་གཉེར་བ་རྣམས་ལ་མགོན་པོ་གང་ཉིད་མཆོག་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་དགེ་ལས་སློབ་ཕྲུག་སོགས་ལ་འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཞེས་པའི་(A human Approach to world peace)བརྗོད་གཞིའི་ཐོག་བཀའ་སློབ་ཟབ་རྒྱས་སྩལ་ཡོད། སྐབས་དེར་མངའ་སྡེའི་སྲིད་སྐྱོང་(M.K,Narayanan,)མཆོག་གིས་ཀྱང་རྒྱ་ནག་གཞུང་ནས་དགག་ཆ་བྱེད་མིན་ལ་མ་ལྟོས་པར་མཛད་སྒོར་མཉམས་ཞུགས་གནང་འདུག
སྐབས་དེར་གསར་འགོད་པས་མགོན་པོ་གང་ཉིད་མཆོག་ལ་རྒྱ་ནག་གཞུང་ཕྱོགས་ནས་མངའ་སྡེའི་སྲིད་སྐྱོང་མཆོག་མཛད་སྒོར་མཉམ་ཞུགས་བྱ་རྒྱུར་དགག་ཆ་བྱས་པའི་གནས་ཚུལ་ཐོག་དགོངས་ཚུལ་གང་ཡོད་དྲི་བ་ཕུལ་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་རྒྱ་ནག་གཞུང་གི་འཆར་ཅན་གྱི་བྱེད་སྟངས་ཤིག་རེད། རྒྱ་ནག་གཞུང་གི་དཔོན་རིགས་ཁག་གཅིག་གིས་ངོས་རང་བདུད་རེད་ཅེས་བརྗོད་ཀྱི་ཡོད། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་ངོས་རང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ནས་དགོངས་པ་ཞུས་ཏེ་ད་ལྟའི་ཆར་མང་གཙོའི་ལམ་ལུགས་ཐོག་ནས་ཆབ་ཀྱི་འགོ་ཁྲིད་འོས་འདེམས་བྱས་ཟིན་ཡོད། དེར་བརྟེན་ངོས་རང་ཆབ་སྲིད་ཀྱི་གནད་དོན་ཐོག་སྐད་ཆ་ཤོད་འདོད་མེད། ངོས་རང་འདི་གར་ཡོང་རྒྱུ་འདི་སྲིད་དོན་གྱི་ངོ་བོར་འགྱུར་ན་ཡག་པོ་མ་རེད། ཞེས་བཀའ་ལན་སྩལ་ཡོད། ཡང་གསར་འགོད་པས་མངའ་སྡེ་དེའི་སྐོར་ལ་བཀའ་དྲི་ཞུས་པར་བཀའ་ལན་སྩལ་དོན། ངོས་རང་གནམ་ཐང་ནས་ལམ་ཞོར་དུ་ཡོང་སྐབས་ཕྱིའི་འཛུགས་སྐྲུན་ཐོག་ནས་ཁང་པ་གསར་རྒྱག་བྱས་པ་སོགས་གང་ཅིའི་ཐོག་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་རྣམ་པ་མཐོང་བྱུང་། འོན་ཀྱང་ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུས་འགྲིག་གི་མེད། ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་ལ་འབད་བརྩོན་ཆེ་ཙམ་བྱས་ན་ཡག་པོ་ཡོད། དེ་བཞིན་ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བ་དང་དུས་མཚུངས་བཟང་སྤྱོད་ཐོག་ལ་ཡར་རྒྱས་གཏོང་དགོས་ཞེས་བཀའ་ལན་སྩལ་འདུག
ཕྱོགས་མཚུངས་ཐེངས་འདིའི་མཛད་སྒོར་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་མཆོག་མཉམ་ཞུགས་གནང་ཐུབ་མེད་པའི་རྒྱུ་རྐྱེན་སྐོར་ཁོང་གིས་ལས་ཁུངས་ནས་འགྲེལ་བརྗོད་གནང་དོན། ང་རང་མཛད་སྒོར་མཉམ་ཞུགས་བྱེད་འདོད་ཡོད་ཀྱང་ངའི་ཨ་མ་སྙུང་མནར་ཚབས་ཆེན་བྱུང་བར་བརྟེན་ནས་བཅར་མ་ཐུབ་པ་ལས་རྒྱུ་རྐྱེན་གཞན་དག་གང་ཡང་མེད། ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ང་ཚོའི་མངའ་སྡེར་ཆིབས་སྒྱུར་བསྐྱངས་པར་ང་དང་མི་མང་ཚང་མས་དགའ་བསུ་ཞུ་བཞིན་ཡོད། ཅེས་སོགས་ཀྱང་གསུངས་འདུག དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེའི་ཇོ་ཁ་ཞེས་པའི་འཛིན་སྐྱོང་གི་སློབ་གཉེར་གྱི་བསྟི་གནས་ཁང་ཞིག་ཏུ་ཆིབས་སྒྱུར་གྱི་མཛད་འཆར་ཡང་ཡོད་པ་བཅས།