༅༅། ཨ་རིང་སྦེ་ཡ་མཐོ་སློབ་ནས་ཕྱི་ལོ་ ༡༩༩༡ ནས་བཟུང་སྐྱབས་བཅོལ་བོད་ཕྲུག་གི་ཆེད་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་གནང་དང་གནང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༠༣ བར་གོ་སྐབས་དེའི་སྔོན་འགྲོའི་འདེམས་སྒྲུག་འདི་ག་ཤེས་རིག་ལས་ཁུངས་བརྒྱུད་གནང་ལམ་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༤ ནས་བཟུང་སྔོན་འགྲོའི་འདེམས་སྒྲུག་བཅས་པའི་བྱེད་སྒོ་ཆ་ཚང་སྦེ་རི་ཡ་མཐོ་སློབ་རང་ནས་ཐད་ཀར་གནང་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གོ་སྐབས་དེའི་ཁྱབ་བསྒྲགས་ཙམ་ཞིག་བྱ་རྒྱུར་ཐག་གཅོད་བྱུང་དོན་བཞིན་ད་ལམ་གསལ་བསྒྲགས་བྱ་རྒྱུར། གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ཅིང་སྐྱབས་བཅོལ་བོད་རིགས་བསྙོན་མེད་ཡིན་པའི་སློབ་ཕྲུག་ཕོ་མོའི་ཁྲོད་ནས་གོང་གསལ་སློབ་སྦྱོང་གོ་སྐབས་ལ་འགྲན་ཞུགས་བྱ་བློ་ཡོད་རིགས་ཚོས་སྦེ་རི་ཡ་མཐོ་སློབ་ལ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༥ ནང་ཚུད་སྙན་ཞུ་ཐད་འབུལ་དགོས་རྒྱུ་དང་། སྙན་ཞུ་དང་མཉམ་དུ་གཤམ་གསལ་ཡིག་ཆ་ཁག་ངེས་པར་ལྷན་སྦྱར་དགོས་རྒྱུ། ཆ་རྐྱེན་སོགས་གནས་ཚུལ་ཞིབ་ཕྲ་མཐོ་སློབ་ཀྱི་དྲ་རྒྱ་ནས་ཤེས་ཆུབ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༢ ལ།།
ཀ༽ ཡིག་ཆ་ལྷན་སྦྱར་ཇི་དགོས།
༡༽ མཐོ་སློབ་ཀྱི་དྲ་རྒྱ་ནས་སློབ་འཇུག་དང་སློབ་ཡོན་འགེངས་ཤོག་ (International Application for Admission & Scholarship) བཏོན་ཏེ་བཀང་རྒྱུ་དང་། རང་ཉིད་ཀྱི་ལོ་རྒྱུས་ (Personal Essay) མཉམ་འབུལ་དགོས་རྒྱུ།
༢༽ མཐོ་སློབ་ཀྱི་དྲ་རྒཡ་ནས་དཔལ་འབྱོར་གནས་སྟངས་དྲི་ཤོག་ཁག་ (International Financial Questionnaire) དང་ (International Statement of Financial Circumstances) ཞིབ་བཀང་གིས་སྙན་ཞུ་མཉམ་འབུལ་དགོས་རྒྱུ།
༣༽ འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འཕྲོད་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་ལ་དག་མཆན་འཁོད་པ་དགོས་རྒྱུ།
༤༽ ཨིན་རྒྱུགས་ IELTS/TOEFL ཨང་ཤོག་ངོ་མ་ངེས་པར་མཉམ་འབུལ་དགོས་རྒྱུ།
༥༽ རང་ཉིད་ཀྱི་སློབ་གྲའམ་མཐོ་སློབ་གང་རུང་ནས་རྒྱབ་གཉེར་ཡི་གེ་གཉིས་ (Admission & Scholarship Recommendation Form) དང་། (Personal & Financial Reference Form) བཅས་ངེས་འབུལ་དགོས་རྒྱུ།
ཁ༽ སྙན་ཞུ་འབུལ་ཡུལ།
Mr. Joe Martin (Admissions Counselor)
Office of Admissions
CPO 2220, Berea, KY 40404 USA
Phone # (859) 985-3500, Toll Free # (800) 326-5948, Fax # (859) 985-3512
E-mail: [email protected] Website: www.berea.edu
མཆན། གོང་གསལ་སློབ་ཡོན་ཁོངས་འདེམས་སྒྲུག་བྱུང་ཚེ་ཤེས་རིག་ལས་ཁུངས་སུ་དོ་བདག་གི་མིང་དང་སློབ་གྲྭའི་མིང་། མཐོ་སློབ་ཀྱི་སྦྱང་གཞིའི་སློབ་ཚན། རྒྱ་གར་ནང་གི་སྡོད་གནས་ཁ་བྱང་བཅས་འཁོད་པའི་གནས་ཚུལ་ཞིབ་ཕྲ་ [email protected] ཨི་མེལ་ཐོག་ངེས་གཏོང་དགོས། རྒྱུ་མཚན་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བཞིན་བོད་རིགས་སློབ་ཕྲུག་རྣམས་ལ་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་གོ་སྐབས་ཅི་ཐོབ་དང་། སློབ་སྦྱོང་གང་ཐོན་གྱི་གནས་ཚུལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་ཀྱི་མཁྱེན་རྟོགས་སླད་ཡིན།