༢༠༡༡ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །དེ་རིང་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་། བླང་དོར་ལམ་སྟོན་པ། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་མི་ལོ་ ༢༢ འཁོར་བའི་དུས་དྲན་གྱི་ཉིན་མོ་ཁྱད་པར་ཅན་འདིར་མགོན་པོ་མཆོག་གི་གསང་གསུམ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་བཀུར་ཆེ་བསྟོད་དང་། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱི་རིག་གཞུང་དང་། ལོ་རྒྱུས་ཀྱི་ཤུལ་རྒྱུན་བཟང་པོ་རྣམས་གཅེས་སྲུང་གི་དོན་དུ་ཕན་ཚུན་ཡིད་ཆེས་དང་བཟོད་སྒོམ་གཞི་རྩར་བཟུང་བའི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་མཛད་པ་དང་། ཁོང་གི་ཞི་བདེའི་དགོངས་པ་ནི་སྐྱེ་འགྲོ་སེམས་ཅན་ཡོངས་ལ་བརྩི་མཐོང་དང་། ལྷག་པར་འགྲོ་བ་མི་དང་ཁོར་ཡུག་སྲུང་སྐྱོབ་བཅས་པར་སྨན་པའི་ཡོངས་ཁྱབ་འགན་འཁུར་གྱི་ལྟ་བ་ལས་བྱུང་བ་ཞིག་ཡིན་ལ། ཕན་ནུས་ལྡན་ཞིང་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་འཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པར་ངོས་འཛིན་ཞུས་ཏེ་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་བཞིན་འབུལ་ལམ་ཞུས་པ་ཚང་མས་མཁྱེན་གསལ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཡུན་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། འཛིན་སྐྱོང་དབུ་འཁྲིད་ཀྱི་ཐུགས་འགན་དང་། སྐུ་དབང་རྣམས་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་རྩིས་སྤྲོད་
མཛད་ཡོད་ནའང་། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་ཀྱི་མཚན་ཐོག་ནས་བོད་མིའི་བསམ་སྤྱོད་ཡར་རྒྱས་དང་། ཆོས་རིག་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ལམ་སྟོན། བོད་དང་བོད་མིའི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་གལ་ཆེའི་མི་སྣ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་སོགས་ཀྱི་མཛད་འགན་དང་སྐུ་དབང་གི་ཆ་རྐྱེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་བརྗོད་ནང་འགོད་འཐུས་ཆོག་པའི་བཀའ་འཁྲོལ་སྐྱབས་འཇུག་ཡོང་བའི་བོད་མི་ཡོངས་རྗོགས་བསམ་འདུན་གཅིག་མཐུན་གྱི་ལམ་ནས་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་བཀའ་དྲིན་ཆེ་བསྩལ་དང་འབྲེལ་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སླར་ཡང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
ང་ཚོས་དེ་རིང་གི་གཟི་བརྗིད་དང་། རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་ཆབས་ཅིག་མགོན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་བོད་སྤྱིའི་ལས་དོན་ཞུ་བྱར་རང་རང་འཁོས་དཔག་གི་ཞབས་ཕྱི་གང་ལས་མེད་པ་ཞུ་དགོས་པ་ཤིན་ཏུ་གལ་ཆེ་ཡིན། ངས་དེ་རིང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མིའི་ཐབས་ལམ་སྐོར་ཕྱི་ལོ་ ༡༩༨༤ ལོར་བསྩལ་བའི་བཀའ་སློབ་ཁོངས་ནས་ཉུང་བསྡུས་ཤིག་རང་རེ་ཚང་མར་དྲན་སྐུལ་ཡོང་ཆེད་སྙན་སྒྲོན་ཞུ་རྒྱུར། “འཛམ་གླིང་གི་དཀའ་རྙོག་མང་པོའི་ཐོག་ཡོངས་ཁྱབ་འགྲོ་བ་མིའི་རིགས་ཀྱི་གཞན་ཕན་ལྷག་བསམ་བཟང་པོའི་ཐབས་ཚུལ་འཛིན་པ་དེ་ནི། འཛམ་གླིང་ཞི་བདེའི་གཞི་རྩ་སྲ་བརྟན་གཅིག་པུ་ཁོ་ན་ཡིན། འདིའི་གོ་དོན་གང་ཡིན་ཞེ་ན། སྐྱེ་འགྲོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དེ་གཞི་ནས་ངོས་འཛིན་བྱེད་པའི་འགོ་ཚུགས་པ་ཡིན། རྒྱུ་མཚན་དེ་ལྟ་བས་ན། རང་ཉིད་གཅིག་པུའི་བདེ་སྐྱིད་འབའ་ཞིག་ལ་ཤུགས་སྐྱེད་བྱས་ཏེ་རང་རེའི་ཉེ་སྐོར་དུ་ཡོད་པའི་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུའི་སྐྱེ་བོ་གཞན་དག་ཚང་མའི་བསམ་ཚུལ་དང། རེ་འདོད་ཇི་ཡོད་རྡོག་རོལ་དུ་གཏོང་རྐྱང་བྱེད་པ་དེ་ནི་མ་རབས་ཀྱི་སྤྱོད་ཚུལ་ཞིག་ཡིན་ལ། དངོས་དོན་ཐོག་ཐབས་ཚུལ་མི་མཁས་པའི་བྱེད་སྟངས་ཤིག་ཀྱང་ཡིན། མཁས་པར་གྱུར་པའི་ཐབས་ལམ་ནི། རང་ཉིད་ཀྱི་བདེ་སྐྱིད་སྒྲུབ་ཐབས་ལ་ཤུགས་སྐྱེད་བྱེད་པ་དང་དུས་མཚུངས་སུ་གཞན་གྱི་བདེ་སྡུག་ཐོག་ལའང་བསམ་བློ་གཏོང་བ་དེ་ཡིན། འདིས་ནི་ཁོ་བོས། “རྣམ་དཔྱོད་དང་ལྡན་པའི་རང་དོན་”ཞེས་བརྗོད་པ་དེའི་ལམ་ཕྱོགས་སུ་འཁྲིད་ཀྱི་ཡོད་ལ། རེ་བ་དང་ལྡན་པའི་སྒོ་ནས། “བསྟུན་མཁས་རང་དོན་”ནམ། ཡང་ན། དེ་བས་ཀྱང་ལེགས་པ། “ཕན་ཚུན་གཉིས་ཕན་”གྱི་བྱ་བ་སྒྲུབ་པའི་ཕྱོགས་སུ་ཁ་སྒྱུར་བྱེད་ཐུབ་པ་ཡིན། ཅེས་བཀའ་སློབ་ཟབ་མོ་གནང་ཡོད་པ་འདི་དག་རང་རེས་ཉིན་རེའི་འཚོ་བ་སྐྱེལ་བའི་བྱ་གཞག་ནང་ལག་བསྟར་ཉམས་ལེན་ཞུ་ཐུབ་པ་ཡིན་ན་རང་གཞན་གཉིས་ཕན་ཐོག་ཁོང་གི་དགོངས་གཞི་ཟབ་མོ་རྣམས་སྒྲུབ་ཐུབ་པ་དང་། ཆོས་ཕྱོགས་ནས་བཤད་ན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་བཀའ་བཞིན་སྒྲུབ་པ་ལས་ལྷག་པ་མེད་ཅིང་། དེ་རིང་ང་ཚོས་ཆེ་བཞག་ཆུང་བསྐྱུར་གྱིས་འདི་གར་དུས་དྲན་སྲུང་བརྩི་ཞུ་བའི་དགོས་དོན་ཡང་ཚང་ངེས་ཡོང་རྒྱུ་བཅས་ལ་བརྟེན་ཚང་མའི་ཐུགས་ལ་འཇགས་པ་གནང་གལ་ཆེ་བའི་རེ་འབོད་ཀྱང་ཞུ་རྒྱུ་ཡིན།
དེ་རིང་གི་དུས་དྲན་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་པས། བོད་ནང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་བརྡལ་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་འཛམ་གླིང་ཁྱོན་དུ་དོ་སྣང་དང་བློ་འཚབ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བོད་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང་། ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༣ པ་ནས་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་པར་བརྟེན། བཟོད་ཐབས་བྲལ་ཏེ་བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་བློ་བཟང་ཕུན་ཚོགས་ལགས་དང་། ཟླ་ ༨ ཚེས་ ༡༥ ཉིན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ སོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་སོ་སོའི་རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད། ཟླ་ ༩ ཚེས་ ༢༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་རང་ལོ་ ༡༨ སོན་པ་བློ་བཟང་སྐལ་བཟང་དང་། གྲྭ་རང་ལོ་ ༡༩ སོན་པ་བློ་བཟང་དཀོན་མཆོག་གཉིས་དང་། ཟླ་ ༡༠ ཚེས་ ༣ ཉིན་རང་ལོ་ ༡༧ ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་སྐལ་བཟང་དབང་ཕྱུག་བཅས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་གནང་མྱོང་མཁན་རང་ལོ་ ༡༩ སོན་པ་སྐྱ་བོ་མཁའ་དབྱིངས་ལགས་དང་། རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་དང་། ཆོས་འཕེལ་ལགས་ཕྱི་ཚེས་ ༡༡ ཉིན་སོ་སོར་འདས་གྲོངས་སུ་གྱུར་ཡོད།
ཟླ་ ༡༠ ཚེས་ ༡༥ ཉིན། རྔ་པ་རྫོང་སོག་རུ་མའི་པདྨ་ཚང་གི་བུ་ནོར་བུ་དགྲ་འདུལ་རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་བསྲེགས་བཏང་བ་དང་། ཟླ་ ༡༠ ཚེས་ ༡༧ ཉིན་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་རང་ལོ་ ༢༠ ཡས་མས་ཅན་བསྟན་འཛིན་དབང་མོས་རང་ལུས་ཞུགས་འབུལ་གྱིས་དུས་ཐོག་དེ་རང་ལ་སྐུ་སྲོག་ཤོར་ཡོད། ཟླ་ ༡༠ ཚེས་ ༢༥ ཉིན་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་། ཟླ་ ༡༡ ཚེས་ ༣ ཉིན་རྟའུ་དགའ་ལྡན་ཆོས་གླིང་ངམ་བྲག་དཀར་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཉིན་དེར་སྐུ་སྲོག་ཤོར་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེ་ནས་ཡིན་པ་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཀརྨ་ཤང་དུ་རང་ལུས་ཞུགས་མེར་ཕུལ་ཏེ་འདི་ཟླའི་ཚེས་ ༦ ཉིན་འདས་གྲོངས་སུ་རྒྱུར་འདུག་པ་བཅས་ཛ་དྲག་གི་གནས་སྟངས་འདི་དག་ཐད། ཨ་རི་སོགས་སྲིད་གཞུང་དང་། ཡུ་རོབ་གྲོས་ཚོགས་སོགས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་གསར་འགོད་གསལ་བསྒྲགས་དང་། གྲོས་ཆོད་བཞག་པ། གྲོས་ཚོགས་སུ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་དམངས་གཙོ་ལས་འགུལ་གྱི་ཚོགས་པ་ཁག རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་བོད་མི་གནས་ཡུལ་ས་གནས་ཁག་དང་། དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྒེར་བཅས་ནས་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ལས་འགུལ་སྣ་ཚོགས་སྤེལ་བ་བཅས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་ཆེ་ཞེས་ཞུ་རྒྱུ་དང་།
ཛ་དྲག་དོན་རྐྱེན་འདི་དག་གི་རྐྱེན་རྩ་ནི་རྒྱ་ནག་དམར་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱིས་གདུག་རྩུབ་ཚད་བྲལ་གྱི་སྲིད་བྱུས་འོག་བྱུང་བ་ཞིག་ཡིན་ལ། ད་དུང་གདུག་རྩུབ་ཀྱི་སྲིད་བྱུས་དེ་དག་ལག་བསྟར་བྱ་རྒྱུ་མཚམས་འཇོག་མ་བྱས་ཚེ་བོད་ནང་གི་གནས་སྟངས་དེ་བས་ཛ་དྲག་གི་གནས་སུ་གྱར་ཉེན་ཆེ་བས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཞི་བདེ་དང་། རང་དབང་། དྲང་བདེན་བཅས་ལ་མངོན་པར་འདོད་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། སྒེར་པ་ཁག་བཅས་ཀྱིས་དམིགས་བསལ་ཐུགས་འཁུར་ཆེ་བཞེས་ཀྱིས། ད་ལྟའི་བོད་ཀྱི་ས་ཁུལ་ཡོངས་ཀྱི་གནས་སྟངས་ལ་རྟོག་ཞིབ་གཟབ་ནན་གནང་ཆེད་སྐུ་ཚབ་ཚོགས་པ་འཕྲལ་གཏོང་དང་འབྲེལ་བོད་མིའི་བཟོད་པར་དཀའ་བའི་དཀའ་སྡུག་འདི་དག་ལ་གདུང་སེམས་མཉམ་བསྐྱེད་ངང་འཕྲལ་མྱུར་སེལ་ཐབས་གནང་དགོས་པའི་བསྐྱར་དུ་འབོད་བསྐུལ་ཤུགས་དྲག་ཞུ་བཞིན་ཡོད།
དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་འཁོད་བོད་མི་རྣམས་ཀྱིས་ཀྱང་རང་རང་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་དང་མི་མང་གི་བཀའ་དྲིན་བསམ་ཤེས་ཐུབ་པ་གནང་སྟེ་ཡུལ་མི་རྣམས་ལ་བསྟུན་མཁས་དང་འབྲེལ་བའི་སྤྱི་ཚོགས་འཆམ་མཐུན་ཡོང་ཐབས་དང་། ཉམས་ཆུང་སྡོད་མཁས་ངང་འཛམ་གླིང་ཞི་བདེ་སྤྱི་དང་། ཁྱད་པར་རང་རེའི་རྩ་དོན་བདེན་པའི་འཐབ་རྩོད་བཅས་ལ་སྨན་པའི་ཞུ་སྒོ་ཀུན་ལ་ལྷོད་གཡེང་དུ་མ་སོང་བ་འབད་ཐབས་གནང་གལ་ཆེ་བའི་འབོད་བསྐུལ་ཞུ་རྒྱུ།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ལ།།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉི་ཤུ་རྩ་གཉིས་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
གསར་གནས།
འབྲེལ་གནས།