༢༠༡༡ ཟླ་ ༡༢ ཚེས་ ༥ རེས་གཟའ་ཟླ་བ།
༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་སིམ་ལ་མངའ་གཞུང་གི་སྨན་སློབ་གནང་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་ཐུག་འཕྲད། དེ་བཞིན་ཁྱབ་ཁོངས་ས་གནས་ཁག་དང་དགོན་སྡེ་གཉིས། གཏན་སློབ་བཅས་ལ་འཚམས་གཟིགས་གནང་རྒྱུ་དང་། ཕྱོགས་མཚུངས་ཧི་མ་ཅཱལ་མངའ་སྡེའི་གཞུང་གི་སྨན་གྱི་སློབ་གྲྭའི་སློབ་སྤྱི་དང་། འཕྲོད་བསྟེན་དྲུང་ཆེ། སྨན་སློབ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་སྨན་པ་བཅས་མཇལ་འཕྲད་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ཉིན་བཞིའི་རིང་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༥ ཉིན་རྡ་ས་ནས་སིམ་ལར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་མངའ་གཞུང་སྨན་གྱི་མཐོ་སློབ་ (IGMC) སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་མངའ་གཞུང་གི་སྨན་གྱི་མཐོ་སློབ་ (IGMC)སློབ་སྤྱི་ (Dr. S. S. Kaushal) ལགས་དང་། འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་ (Sh. A. R Rizivi.) ལགས་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་མངའ་སྡེའི་སྨན་སློབ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་སྨན་པ་ (Dr. J. Shree Sharma) མཇལ་འཕྲད་གནང་གྲུབ་བསྟུན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །