༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣༠ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ནར་བོད་ཀྱི་རིག་གཞུང་གི་གལ་གནད་ཆེ་བའི་སྐོར་རྒྱ་གར་མཁས་དབང་གི་ལྷན་ཚོགས་ཉིན་གཉིས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད།
ལྷན་ཚོགས་དེ་བཞིན་རྒྱ་གར་གྱི་རིག་གཞུང་སྲུང་སྐྱོབ་བསྟི་གནས་ཁང་(Sanskrit Gaurav Sanstha) ཞེས་པའི་གོ་སྒྲིག་འོག་ཨེ་ཨེན་སིན་ཧ་གཙུག་ལག་སློབ་ཁང་གི་སྤྱི་ཚོགས་ཚན་རིག་ཚན་པའི་ཚོགས་ཁང་དུ་ཚོགས་ཡོད་ཅིང། ལྷན་ཚོགས་ཀྱི་བརྗོད་གཞི་ནི། རང་དབང་ལྡན་པའི་བོད། རྒྱ་གར་གྱི་བདེ་སྐྱིད། ཞེས་པ་དེ་ཡིན་འདུག སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་བོད་གཉིས་ལོ་ངོ་སྟོང་ཕྲག་རིང་བླ་སློབ་ཀྱི་འབྲེལ་བ་ཡོད་པ་དང་། ནང་ཆོས་ཐོག་མ་རྒྱ་གར་ནང་བྱུང་རྗེས་རིམ་བཞིན་དུས་རབས་ ༧ ཙམ་ནས་བོད་དུ་འཕེལ་རྒྱས་བྱུང་ཚུལ་དང་། དེང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་དཔལ་ནཱ་ལེཎྜའི་བཞེད་སྲོལ་དྲི་མ་མེད་པའི་ལེགས་བཤད་ལ་གཞི་བཅོལ་ཏེ་འཛམ་གླིང་ས་ཕྱོགས་ཀུན་ཏུ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་བཟང་པོའི་བསླབ་བྱ་དར་སྤེལ་མཛད་བཞིན་ཡོད་སྐོར་སོགས་གསུངས་པ་མ་ཟད། གཞན་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནས་ཆེད་རྒྱ་གར་གྱིས་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་པར་བརྟེན། འཕགས་བོད་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པའི་རིག་གཞུང་གི་འབྲེལ་བ་མུ་མཐུད་རྒྱུན་གནས་ཡོང་ཆེད་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
གཞན་ཡང་སྐབས་དེར་རྒྱ་གར་གྱི་མཁས་དབང་སྐུ་ཞབས་མ་ཧེ་ཤི་སམ་པར་(Mahesh Samper) ལགས་དང་གཙུག་ལག་སློབ་དཔོན་སྐུ་ཞབས་པ་ར་སི་རའི (Paras Rai)། གཙུག་ལག་སློབ་དཔོན་སྐུ་ཞབས་ཨར་ཇུན་སིངྒ(Arjun Singh)། སྡི་ནེ་ཤི་ཅནདྲ་ཏེ་གི་(Dinesh Tyagi) དེ་བཞིན་གསར་འགོད་པ་གྲགས་ཅན་ཝི་ཇེ་ཀ་རན་ཏི་སོགས་ཀྱིས་མཉམ་ཞུགས་གནང་སྟེ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཐོག་བོད་ཀྱི་གནད་དོན་སེལ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། རྒྱ་གར་ཆབ་སྲིད་ཚོགས་པ་ཇན་ཏ་པར་ཊིའི་ཚོགས་གཙོ་སྐུ་ཞབས་སུབྷྲ་མ་ནི་ཡམ་སཝཱ་མི་(Subramaniyam Swami)མཆོག་དང་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལྕམ་ཨུ་མ་བྷར་ཏི་ (Uma Bharati)། ཨ་ཤོཀ་སི་གྷལ་(Ashok Singhal)བཅས་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཇགྟ་གུ་རུ་ཤངྐཱ་ཅརྱཱ་(Jagadguru Shankarcharya)སོགས་ཀྱང་ཆེད་ཕེབས་གནང་ཡོད་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གིས་བྷི་ཧར་རྒྱལ་ས་པ་ཊ་ནར་བོད་ཀྱི་རིག་གཞུང་གི་གལ་གནད་སྐོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།