༢༠༡༡ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས་སྔ་དྲོ་ཆུ་ཚོད་ ༩ ཐོག་ཨ་རིའི་སན་ཕ་རན་སི་སེ་ཁོའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གཤམ་མཛོད་ཁང་(Exploratorium)དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱིས་གོ་སྒྲིག་གནང་ཐོག ཊེམ་པལ་ཊོན་ཐེབས་རྩ།(Templeton Foundation) དང་ས་སྒར་ཁྱིམ་ཚང་ཐེབས་རྩ་(Sagar Family Foundation)བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་འོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚན་རིག་པ་དང་ནང་པའི་མཁས་དབང་དབར་ཉིན་གསུམ་གྱི་བགྲོ་གླེང་ཚོགས་འདུ་དེ་བཞིན་མངོན་འགྱུར་ཐུབ་པ་བྱུང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་སྨིན་སྩལ་ཐོབ་སྟེ་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་ཐོག་རྒྱ་གར་དང་ཨ་རི་བཅས་ཀྱི་ཚན་རིག་པ་ཁག་གཅིག་དང་།
ནང་པའི་མཁས་དབང་དབར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ། (Cosmology & Consciouseness)ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་ཡོད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་རྗེས་དགེ་འདུན་པ་ཁག་གཅིག་གིས་བཤིས་བརྗོད་གསུང་འདོན་གནང།
དེ་རྗེས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཨ་མི་རི་ཁའི་ཨེ་རི་ཛོ་ན་གཙུག་ལག་སློབ་གྲྭའི་(University of Arizona) ཕུལ་བྱུང་གཟའ་སྐར་དཔྱད་རིག་སློབ་དཔོན་འབུམ་རམས་པ་ཁེ་རི་སི་ཊོབ་པར་ཨིམ་པི་(Dr.Christopher Impey)མཆོག་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག རྒྱ་གར་ཚན་རིག་པ་སྐུ་ཞབས་རཱ་ཇེ་ཤི་ཀ་སི་ཏུ་རི་རང་གྷན་(Rajesh Kasturirangan)ལགས། ཨ་རིའི་ཝར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་སེམས་ཁམས་དང་དབང་རྩ་གཤིས་སྤྱོད་ཚན་རིག་སྡེ་ཚན་གྱི་སློབ་དཔོན་སྐུ་ཞབས་བྷུ་རུ་སི་གྷེ་རེ་སོན་(Dr.Bruse Greyson)ལགས། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་ཆོས་རིག་སྡེ་ཚན་གྱི་(Emory University) གཙུག་ལག་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས།
ཨ་རིའི་བར་ཀེ་ལི་ཀར་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་འདུས་རྡུལ་དང་ཕྲ་ཕུང་སྐྱེ་དངོས་རིག་པའི་སྡེ་ཚན་གྱི་སློབ་དཔོན་སྐུ་ཞབས་ཌེ་ཝི་ཌི་པེ་རེ་སི་ཊི་(David Presti)ལགས། སེར་བྱེས་ཧར་གདོང་ཁང་ཚན་གྱི་དགེ་བཤེས་ཉི་མ་བཀྲ་ཤིས་ལགས། རྒྱ་གར་ཀོལ་ཀ་ཊ་རྩིས་རིག་བསྟི་གནས་ཁང་གི་སློབ་དཔོན་སྐུ་ཞབས་སི་སིར་རོ་ཡི་ལགས།
དབུས་སྨན་རྩིས་ཁང་གི་སློབ་སྟོན་པ་རྒན་པ་སྨན་རམས་པ་པདྨ་རྡོ་རྗེ་ལགས། སིདྷཱརཐ་ཆེས་མཐོའི་སློབ་གཉེར་ཁང་གི་དབང་རྩ་དང་སེམས་ཁམས་སྡེ་ཚན་གྱི་སློབ་དཔོན་པི་ཨེན་ར་ཝིནདྲ་(P.N.Ravindra)ལགས། སྐུ་ཞབས་པོལ་ཌོ་ཧར་ཏི་(Paul Doherty)ལགས། བཅས་ཁྱོན་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་མི་གྲངས་བཅུ་གཅིག་ཡོད་པ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་གྲུབ་བསྟུན། དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་དང་གདན་ས་གསུམ་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་གྲྭ་བཙུན་སྔགས་གསུམ་གྱི་ཁྲོད་ཚན་རིག་སློབ་ཁྲིད་བྱ་རྒྱུའི་ལས་གཞི་འགོ་བརྩམས་ཚུལ་སོགས་ཞིབ་ཕྲ་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདི་གར་ཕེབས་པའི་མཁས་དབང་རྣམ་པ་ཚོར་འཚམས་འདྲི་ཡོད། ངོས་ཀྱིས་ནང་ཆོས་ཀྱི་ཚན་རིག་བརྗོད་ཀྱི་ཡོད། ནང་ཆོས་ཀྱི་ཚན་རིག་དང་རིག་གསར་གྱི་ཚན་རིག་དབར་བགྲོ་གླེང་བྱ་རྒྱུར་དེ་རིང་འདི་གར་ཁྱེད་རང་ཚོས་ལོ་མང་ཉམས་མྱོངས་བསགས་ཡོད་པའི་རྗེས་འབྲེལ་གྱི་དེ་རིང་འདིར་ཚོགས་འདུ་ཚོགས་རྒྱུ་བྱུང་བར་བརྟེན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་འདི་གར་གྲ་སྒྲིག་གནང་མཁན་ཚོ་ཙམ་དུ་མ་ཟད་པའི་ལོ་ནས་ལོ་བསྟུད་ནས་ལས་འགུལ་འདིའི་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་དང་། དེ་བཞིན་དངོས་སུ་བགྲོ་གླེང་ནང་བཞུགས་ཏེ་གོ་བསྡུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་མང་ཞིག་ཕྱིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་འཛམ་གླིང་འདིའི་ཐོག་བྱུང་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཡོངས་གྲགས་སུ་བརྩིས་ན་དེ་འདྲ་ཞིག་ཡིན། ཀླུ་སྒྲུབ་ལ་སོགས་པ་གཙོ་བོ་ནཱ་ལེནྡྲའི་མཁས་པ་ང་རང་ཚོ་སངས་རྒྱས་ཀྱི་ཆོས་པ་ཞིག་གི་ངོས་ནས་བཤད་ན། དངོས་གནས་དྲང་གནས་ཀྱི་སྟོན་པ་དང་སློབ་དཔོན་ཞུ་གི་རེད། སྤྱིར་བཏང་བཤད་ན། མཁས་དབང་ཞེས་ངོས་ཀྱིས་དེ་འདྲ་ཤོད་ཀྱི་ཡོད། ཀླུ་སྒྲུབ་ལ་སོགས་པ་དེ་དག་གི་གྲས་དེ་ནཱ་ལེནྡྲའི་མཁས་དབང་རེད་ཅེས་ཤོད་ཀྱི་ཡོད། གྲུབ་ཆེན་རིགས་ཁ་ཤས་ཡོད། གྲུབ་ཆེན་མང་པོ་ཞིག་མགོ་སྟོད་ནཱ་ལེནྡྲ་ལ་སོགས་པའི་བཤད་གྲྭ་ཁག་ལ་སློབ་གཉེར་མཐིལ་ཕྱིན་པ་གནང་མཐར་རི་ཁྲོད་ལ་བཞུགས་མཁན་གྱི་རིགས་གཅིག་ཡོང་གི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཉིན་གསུམ་གྱི་བགྲོ་གླེང་སྐབས་བརྗོད་གཞི་གཙོ་བོ་ནི། ༡༽འཇིག་རྟེན་ཁམས་ནང་ཚེ་སྲོག་དང་རྣམ་ཤེས། ༢༽སེམས་ཀྱི་རང་བཞིན་དང་རྣམ་ཤེས། ༣༽ཤེས་བྱ་དང་ཤེས་རྟོགས་ཀྱི་ཚད་གཞི། ༤༽སེམས་དང་། རིག་པ། སྤྱོད་ལམ་ཏེ། གཟུགས་ཅན་གྱི་ཀླད་པ་དང། སེམས། སྤྱོད་ལམ། སེམས་ཚོར་བཅས་དབར་གྱི་འབྲེལ་བ་ལ་བརྟག་པ། སེམས་དང། བདེ་སྐྱིད། ཞི་བདེ་བཅས་ཀྱི་ཐོག་ལ་ནང་པའི་ལྟ་ཚུལ་དང་ཡུལ་རྟོགས་ཚན་རིག་ལ་དཔྱད་ཞིབ་བྱེད་པ། ༥༽འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པ། ནང་ཆོས་དང་ཚན་རིག་གཉིས་ཀྱིས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་ཤེས་ཡོན་ཐོག་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་བམ། ནང་ཆོས་དང་ཚན་རིག་ནང་གི་ཀུན་སྤྱོད་ཀྱི་རྣམ་གཞག་ཐོག་ལ་ང་ཚོས་རྟོག་ཞིབ་བྱ༌རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །