༄༅། །འབར་མའི་སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབར་མའི་རྒྱལ་ས་རྙིང་པ་ཡང་གུན་ནང་རྟེན་གཞི་བྱས་པའི་རྩ་ཆེའི་ས་ཝི་ཌ་མཆོད་རྟེན་ལ་གནས་གཟིགས་སུ་གདན་འདྲེན་ཞུ་ཆེད་འབར་མའི་གཞུང་ནས་མགོན་པོ་གང་ཉིད་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་དགོས་རྒྱུའི་རེ་འདུན་ཞུས་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ ཉིན་འབར་མའི་གྲོང་ཁྱེར་མན་ཊ་ལེའི་ནང་རྟེན་གཞི་བྱས་པའི་སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་ཨ་ཤེན་ན་ཡན་ནི་སངྒ་ར་ཇེ་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འབར་མའི་ནང་གདན་ཞུའི་རེ་འདུན་ལ་འབར་མའི་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་རྒྱུའི་རེ་འདུན་ཞུ་བཞིན་ཡོད་སྐོར་གསུངས་འདུག
དེ་ཡང་ཁོང་གིས་གསུང་དོན། རྒྱུན་རིང་དྲག་པོའི་དམག་དཔུང་གི་འགོ་ཁྲིད་ཀྱིས་དབང་འཛིན་བྱས་པའི་འབར་མའི་རྒྱལ་ཁབ་འདིའི་ནང་མི་མང་བརྒྱ་ཆ་ ༨༠ ནང་པ་ཡིན་ཞིང་། འབར་མའི་སྲིད་འཛིན་ཉེ་ལམ་རྒྱ་གར་ནང་གཟིགས་སྐོར་སྐབས་སུའང་ཁོང་གི་གཟིགས་སྐོར་གཙོ་བོ་རྒྱ་གར་དུ་ནང་པའི་གནས་ཆེན་ཁག་ལ་ཆོས་མཇལ་དུ་བཅར་ཡོད། དེ་བཞིན་ང་རང་ཉེ་ཆར་རྒྱ་གར་ནང་སྐོངས་ཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་ཚོགས་བཅར་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། སྐབས་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་འབར་མའི་ནང་གདན་ཞུ་འབུལ་རྒྱུའི་བཀའ་མོལ་ཡང་ཞུ་རྒྱུ་བྱུང་། སྤྱིར་ང་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ཡིན་སྟབས། ང་ལ་འཛམ་གླིང་གི་ནང་པའི་བླ་ཆེན་གང་འདྲ་ཞིག་གདན་འདྲེན་ཞུ་དགོས་བྱུང་ཡང་རང་ཉིད་ལ་ཐོབ་ཐང་ཡོད་པར་བརྟེན། ངའི་རེ་བར་ལོ་རྗེས་མའི་ནང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འབར་མའི་རྒྱལ་ས་རྙིང་པ་ཡང་གུན་ནང་རྟེན་གཞི་བྱས་པའི་རྩ་ཆེའི་ས་ཝི་ཌ་མཆོད་རྟེན་ལ་གནས་གཟིགས་གདན་འདྲེན་ཞུ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབར་མའི་ཡུལ་དུ་གདན་ཞུའི་རེ་འདུན་ཞུས་པ།
གསར་གནས།
འབྲེལ་གནས།