༢༠༡༡ ཟླ་ ༡༢་ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལེབ་ཧ་བེལ་(Vaclav Havel)མཆོག་འདས་གྲོངས་སུ་གྱུར་བར་ཁོང་གི་བཟའ་ཟླ་ལྕམ་སྐུ་ཌག་མར་ཧབ་ལོ་ཝ་མཆོག་དང་ནང་མི་སྤུན་མཆེད་ཚོར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་ངོས་རང་ཧ་ཅང་བློ་ཕམ་བྱུང། ཁོང་འདས་གྲོངས་སུ་གྱུར་བ་དེས་འཛམ་གླིང་ནང་གང་ཟག་ཁྱད་པར་ཅན་ཞིག་མེད་པར་གྱུར་ཡོད། དམ་པ་ཁོང་གིས་དྲང་ཚུགས་དང་ཁ་རི་ཁ་ཐུག གཡོ་བ་མེད་པའི་ཆོད་སེམས་བརྟན་པོས་དེ་སྔ་ཅེཀ་ཀོ་སོ་ལོ་ཝ་ཀི་ཡའི་ནང་རང་དབང་དང་མང་གཙོ་སླར་གསོ་བྱེད་རྒྱུར་ཞབས་འདེགས་ཧ་ཅང་བསྒྲུབས་ཡོད། དམ་པ་ཁོང་ནི་ཆེ་བསྟོད་མེད་པ་དང་སྙིང་སྟོབས་ཅན་གྱི་དབུ་ཁྲིད་ཅིག་ཡིན་ཞེས་འཁོད་པ་དང། དམ་པ་ཁོང་གིས་མི་མང་གི་དབུ་ཁྲིད་པའི་ཝེལ་ཝེ་ཊི་གསར་རྗེ(Velvet Revolution) ཞེས་པ་དམར་པོའི་སྲིད་གཞུང་ལ་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་དེར་རྒྱལ་ཁ་ཐོབ་ཕྲལ། ཁོང་སྲིད་འཛིན་དུ་བསྐོ་གཞག་བྱུང་ནས་ཟླ་བ་འགའ་ཤས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༢ ནང་མཇལ་འཕྲད་བྱུང་བ་མགོན་པོ་གང་ཉིད་མཆོག་གིས་ཐུགས་དྲན་གསོ་མཛད་ཡོད། དེ་རྗེས་ལོ་ངོ་བཅུ་ཕྲག་གཉིས་ཙམ་ནང་༸གོང་ས་མཆོག་དང་སྲིད་འཛིན་ཟུར་པ་དམ་པ་ཁོང་ལྷན་ཡང་ཡང་མཇལ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་པཱ་རཱག་ནང་ཁོང་དང་མཇལ་འཕྲད་བྱུང་ཡོད། གསུང་འཕྲིན་གྱི་མཐའ་དོན་དུ་འཁོད་དོན། ང་ཚོས་དྲང་བདེན་དང་འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་རང་ནུས་གང་ཡོད་ཀྱི་འབད་བརྩོན་བྱ་རྒྱུ་དེ་དམ་པ་ཁོང་ལ་ལེགས་སྐྱེས་མཆོག་ཏུ་གྱུར་བ་ཞིག་ཆགས་རྒྱུ་ཡིན། ཞེས་སོགས་འཁོད་ཡོད། གསུང་འཕྲིན་ངོ་མ་དབྱིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།