༢༠༡༡ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོ་དེ་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པའི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཕྱག་སྦྲེལ་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང། བཀའ་བློན་ཁྲི་པ་མཆོག་གིས་གཙོས་ཕྱག་སྦྲེལ་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་རིགས་གསར་འགོད་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཚང་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་ཁྲི་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེངས་འཛུགས་གནང་ཡོད། དེ་རྗེས་བོད་ནང་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་ཡོད།
དེ་ནས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་ཨཅརྱཱ་བསྟན་འཛིན་དོན་ཡོད་ལགས་ཀྱིས་ཕྱོགས་སྒྲིག་དང་ཞུ་སྒྲིག་གནང་བའི་དེབ་ཕྲེང་དྲུག་པ་དང། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་རྩོམ་སྒྲིག་གནང་བའི། སྲིད་གཞུང་གཤིབ་བསྡུར། ཞེས་པའི་དཔེ་དེབ། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ཁོངས་ནོར་ཝེ་རུ་བཅའ་བཞུགས་སྐུ་ཞབས་ཐུབ་བསྟན་བསྟན་འཛིན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་ཚོར་ཞེས་པའི་ཕྱག་དེབ། མ་སུ་རི་གཏན་སློབ་བོད་དགེ་བསམ་གླིང་ཚེ་རིང་ལྷ་མོས་རྩོམ་འབྲི་གནང་བའི་སྒྲུང་རྩོམདང། ལྷུག་རྩོམ། སྙན་རྩོམ། ཀ་བཤད་སོགས་ཕྱོགས་སྒྲིག་གནང་བའི། ཀྱག་ཀྱོག་ཆེ་བའི་མི་ཚེའི་ལམ་བུ། ཞེས་པ་སོགས་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་ཡོད།
དེ་རྗེས་ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་སྲི་ཞུ་བ་བགྲེས་ཡོལ་ཕེབས་མི་ངོ་སྤྲོད་དང་འབྲེལ་བཀའ་ཁྲི་མཆོག་གིས་ལེགས་སྐྱེས་གནང་ཡོད།
དེ་ནས་འཕྲོད་བསྟེན་ལས་ཁུངས་ནས་ཊི་བྷི་ནད་གཞི་དང། མྱོས་རྫས་ངན་གོམས་སྔོན་འགོག་གི་བསླབ་བྱའི་གློག་བརྙན། ༼ཀྱེ་མ། ལམ་ནོར་གྱི་སྐྱོ་གདུང།༽ ཞེས་པ་དེ་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་ཡོད།
དེ་རྗེས་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་བཅུ་གསུམ་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དོ་དག་ལས་བྱེད་བཅུ་གསུམ་པོ་ངོ་སྤྲོད་གནང་བ་དང་སྦྲེལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ལེགས་མཚོན་བྱ་དགའ་གནང་རྗེས་བཀའ་ཤག་གི་གསུང་བཤད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟེན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང། སྤྱིར་བཏང་ནོར་བེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་སྐབས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུ་གི་ཡོད་ཀྱང། ཉེ་ཆར་འདས་གྲོགས་གྱུར་བ་ཆབ་མདོ་ཀརྨ་ཤང་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་སོགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སྡུག་སྦྱོང་མྱངས་དང་མྱོང་མུས་ཡིན་སྟབས། ཁོང་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་གཞས་སན་ཕྱིར་འདོན་གནང་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།