༢༠༡༡ ཟླ་ ༡༢ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་ནང་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ལྔ་བརྒྱ་ཙམ་དང་གྲྭ་ཚང་དེའི་དགེ་འདུན་པ་གཞིས་ཆགས་མི་མང་། ཉེ་འཁོར་ཕྱོགས་མཐའ་ཁག་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔའི་འགྲེལ་པའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
དེ་ཡང་ཉིན་འདིའི་སྔ་དྲོའི་ཆུ་ཚོད་ ༩ ཐོག་མར་༸གོང་ས་མཆོག་གསུང་ཆོས་རྭ་བའི་བཞུགས་ཁྲིར་ཞབས་སོར་འཁོད་རྗེས་ཐོག་མར་བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་འཚམས་འདྲིའི་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་བོད་ནས་ཕེབས་མཁན་རྣམས་ལ་སོ་སོའི་ལུང་པའི་ནང་ཕྱིའི་ལྟ་སྣང་ཙམ་མ་གཏོགས་དོན་དམ་གྱི་ཐོག་ཆོས་ཞུ་རྒྱུའི་རང་དབང་མེད། ཆོས་བྱས་ན་སོ་སོ་བོད་མི་རིགས་ཀྱི་ཞེན་ཁོག་བསླེབས་ཀྱི་ཡོད་ཟེར་ནས་ཆབ་སྲིད་ཀྱི་གནད་དོན་ཐུག་གི་ཡོད་པར་བརྟེན། དེའི་ཐོག་ཆེད་དུ་གཉེར་ནས་དམ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་བོད་ནས་ཕེབས་མཁན་ཚོར་ཡང་ཡང་སངས་རྒྱས་ཀྱི་ཆོས་སྐོར་ཉན་རྒྱུའི་གོ་སྐབས་ཐོབ་ཀྱི་མེད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་སྟེ་འདིར་ཡོང་བ་རེད། ཁྱེད་རང་ཚོར་དམིགས་བསལ་གྱི་འཚམས་འདྲི་དང་དགའ་བསུ་ཡོད། ཁྱུག་ཙམ་རིང་རང་དབང་ལུང་པའི་ནང་བསླེབས་པ་རེད། དེའི་ཐོག་དེ་རིང་གི་བཀའ་ཆོས་འདི་ཡང་གསང་བ་འདུས་པའི་རིམ་ལྔའི་སྐོར་ལ་ཤོད་རྒྱུ་རེད། སངས་རྒྱས་ཀྱི་གོ་འཕངས་སྒྲུབ་རྒྱུའི་མཐར་ཐུག་ཉམས་ལེན་གྱི་གནད་དེ་དག་རིམ་ལྔའི་ནང་ཐོན་ཡོང་གི་ཡོད། དེར་བརྟེན་འཆད་ཉན་བྱེད་ཡུལ་གནས་འདི་གསང་བ་འདུས་པ་འཆད་ཉན་གཙོ་བོ་གནང་མཁན་སྨད་རྒྱུད་གྲྭ་ཚང་དང་ཤོད་རྒྱུའི་ཆོས་དེའང་གསང་བ་འདུས་པའི་རིམ་ལྔའི་སྐོར་འཆད་རྒྱུ་ཡིན། ངོས་རང་ངོས་ལ་ཆ་བཞག་ནའང་འཆད་ཉན་བྱེད་རྒྱུའི་གོ་སྐབས་བྱུང་བ་དེར་སྐལ་བ་བཟང་པོ་ཡིན། ཞེས་བཀའ་སློབ་ཕེབས་ཡོད་ལ་གཞན་ཡང་ནང་ཆོས་སློབ་སྦྱོང་བྱས་ཏེ་ཆོས་ཤེས་པའི་ཐོག་ནས་དད་པ་ཐོབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་ཕེབས་དོན། བཙུན་མའི་དགོན་པ་ཚོ་ཡང་དཔེ་ཆ་ལྟ་དགོས་པ་རེད་ཅེས་བརྗོད་ནས་ལོ་སུམ་ཅུ་བཞི་བཅུ་ཙམ་ཕྱིན་ཚར་བ་རེད། བཙུན་མའི་དགོན་པ་ཚོས་དཔེ་ཆ་དང་མཚན་ཉིད་ལྟ་དགོས་པའི་འབོད་སྐུལ་བྱས་ཏེ་བཙུན་མའི་དགོན་པ་ཚོའི་ནང་ནས་དགེ་བཤེས་མ་ཐོན་ཡོང་གི་ཡོད་དེ་དག་ངོས་ཀྱི་འབོད་སྐུལ་ཞུས་ཏེ་སྔར་མེད་གསར་གཏོད་བྱས་པའི་ལག་རྗེས་ཡིན་བསམ་དྲན་གྱི་ཡོད། གཞན་ཡང་དེ་རིང་ཁ་སང་བར་སྐབས་ནས་ཟུང་རྡ་རམ་ས་ལའི་ཁུལ་དུ་སྐྱ་བོ་ཕོ་མོ་ཚོས༌ཀྱང་ཆོས་གཞུང་ལ་སློབ་སྦྱོང་བྱས་ཏེ་རྟགས་གསལ་བཏང་བ་སོགས་བྱེད་ཀྱི་ཡོད་པ་མ་ཟད། ཉི་ཧོང་གི་བུ་མོ་སྐད་སྒྱུར་མོ་རང་ཡང་རྟགས་གསལ་གཏོང་མཁན་གྲས་ཤིག་ཡིན། སྤོ་བོ་རྨོ་བོ་ཚོས་ཀྱང་རྟགས་གསལ་གཏོང་གི་ཡོད། སྐབས་རེ་ངོས་ཀྱི་འདི་འདྲ་ཤོད་ཀྱི་ཡོད། དེ་སྔ་མིག་ལྟོས་གང་ཡང་མེད་དུས་སྤོ་བོ་རྨོ་བོ་ཚོས་ཀྱང་ཐལ་དང་། ཕྱིར། ཤོད་དུས་རྣམ་རྟོག་ཟ་ཞེས་འགའ་ཤས་ཀྱི་བཤད་མི་ཡོང་བསམ་གྱི་འདུག ཕལ་ཆེར་སངས་རྒྱས་ཀྱི་བསྟན་པ་དེ་ཉག་ཕྲ་མཇུག་ཏུ་སླེབས་ཏེ་སྤོ་རྨོ་ཚོས་ཀྱང་རྟགས་གསལ་གཏོང་གི་འདུག་ཟེར་རྒྱུའི་ཉེན་ཁ་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔའི་བཀའ་ཆོས་སྩལ་བ།
གསར་གནས།
འབྲེལ་གནས།