༢༠༡༡ ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨ་ཤོཀཱ་མི་ཤོན་Ashoka Missoinཞེས་པའི་ཆོས་ཚོགས་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་འཚོགས་བཞིན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་ཆོས་ཚོགས་དེ་ནས་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གྷན་ངྷི་(Gandhi Smriti )སི་མར་ཊི་ཞེས་པའི་བདག་ཉིད་ཆེན་པོ་གྷན་ངྷིའི་རྗེས་དྲན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སོགས་ཆོས་ལུགས་རིས་མེད་སྐུ་ཚབ་རྣམ་པས་སྨོན་ལམ་གསུང་འདོན་གནང་།
དེ་ནས་ནེ་རུའི་(Nehru Park )སྐྱེད་མོས་ཚལ་དུ་མགོན་པོ་གང་ཉིད་མཆོག་གིས་དབུས་བླ་ཆེན་རྣམ་པས་གནས་མཆོག་རྡོ་རྗེ་གདན་དང་ཤི་རི་ལངྒ་སོགས་ནས་འཁྱེར་ཡོང་བའི་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་དེ་ཐུགས་སྨོན་རྒྱ་ཆེ་མཛད་ཡོད། ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་དོན། གུས་པར་འོས་པའི་འདི་གར་ཕེབས་པའི་ནང་པའི་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་རང་དེ་རིང་འདིར་ལྷན་ཚོགས་སུ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་བྱུང་།
ང་ཚོ་ནི་ནང་པ་སངས་རྒྱ་པ་དང་འགྲོ་བ་མི་ཞིག་ཡིན་པར་བརྟེན། འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་ཡོང་ཆེད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། འགྲོ་བ་མིའི་ལོ་རྒྱུས་ནང་དུས་རབས་ཉི་ཤུ་དེ་ཧ་ཅང་དཀའ་ངལ་ཅན་གྱི་དུས་རབས་ཤིག་ཏུ་གྱུར་ཡོད། དུས་རབས་དེའི་ནང་འཁྲུག་རྩོད་མང་དག་ཅིག་བྱུང་ཡོད་པར་བརྟེན་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། དུས་རབས་ཉེར་གཅིག་གི་དུས་འགོར་ཡང་དེ་ལྟ་བུའི་གནས་ཚུལ་བྱུང་ཡོད་པ་དེ་ནི་འདས་པའི་ནོར་འཁྲུལ་ལས་བྱུང་བ་ཞིག་ཡིན། སྤྱིར་བཏང་ཚན་རིག་ནི་འགྲོ་བ་མི་ལ་དགོས་མཁོ་ཆེན་པོ་ཆགས་ཡོད། འོན་ཀྱང་ཚན་རིག་དང་དཔལ་འབྱོར་ཁོ་ནར་བརྟེན་ནས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐུབ་ཐབས་མེད། དུས་རབས་འདིར་ཞི་བདེ་དགོས་ན། ཐོག་མར་ནང་སེམས་ཀྱི་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ང་ཚོས་རྒྱུན་དུ་སངས་ལ་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས་སོ་སོའི་ཉིན་རེའི་མི་ཚེའི་ནང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱར་བསམ་བློ་མ་བཏང་བར་རྒྱུ་དང་འབྱོར་བ་ཐོབ་ཐབས།
དེ་བཞིན་མིང་དང་སྙན་གྲགས་ཁོ་ནར་བསམ་བློ་གཏོང་གི་ཡོད། ཁ་ནས་སེམས་ཅན་ཐམས་ཅད་ཟེར་ཞིང་དོན་དུ་གཞན་ལ་སེམས་ཁུར་མེད་པའི་ཀུན་སྤྱོད་ངན་པ་ཞིག་ཆགས་ཡོད། གཙོ་བོ་སེམས་ནང་ནས་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་པའི་ནང་པ་སངས་རྒྱས་པ་ཞིག་བྱེད་དགོས། འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་དར་ནས་མི་ལོ་ ༢༥༠༠ ལྷག་ཕྱིན་ཡོད། དེང་སྐབས་ཀྱང་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་མང་པོས་ནང་པ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་བཞིན་འདུག ནང་པའི་ཆོས་དེ་ནི་རླབས་ཆེན་ཞིག་ཡིན་རུང་ཆོས་བྱེད་མཁན་གྱི་བླ་སྤྲུལ་དང་དགེ་རྒན་གྱི་སྤུས་ཀ་ཞན་དུ་འགྲོ་གི་ཡོད་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཡིན། ང་ཚོ་གནས་བརྟན་སྡེ་པའི་ལུགས་དང་། ཐེག་ཆེན་གྱི་ལུགས། སྔགས་ཀྱི་ལུགས་འཛིན་མཁན་སུ་འདྲ་ཡིན་རུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣལ་མ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡང་དག་ཅིག་བྱེད་འདོད་ན། ནང་སེམས་ལ་འགྱུར་བ་གཏོང་དགོས།
དེ་བཞིན་ནང་པའི་ལྷན་ཚོགས་འདི་ལྟ་བུ་ཡང་ནས་ཡང་དུ་ཚོགས་ཏེ་མཛད་སྒོ་ཙམ་མ་ཡིན་པར་ནང་ཆོས་སྐོར་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པར་འགྱུར་གྱི་མ་རེད། སེམས་ནང་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣལ་མ་ཞིག་བྱེད་དགོས། དེ་དང་ཆབས་ཅིག་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ངོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སྐོར་ངོས་རང་ལ་དམིགས་བསལ་གྱི་ཐག་གཅོད་བྱེད་དབང་མེད། ནང་པའི་རྒྱལ་ཁབ་གཞན་གྱི་ཆོས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་གྲོས་བསྡུར་གྱི་ལམ་ནས་མཐའ་མའི་ཐག་གཅོད་ཡོང་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས། །