༢༠༡༡ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ནི་ཡའི་ནང་ཨོ་སི་ཊི་རི་ཡའི་གྲོས་ཚོགས་འཐུས་མི་རྣམས་དང་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འདྲ་མིན་གྱི་སྐུ་ཚབ་འཐུས་མི། གསར་འགོད་པ་བཅས་དང་མཇལ་འཕྲད་གནང་སྟེ་ཨོ་སི་ཊི་རི་ཡའི་ཁུལ་དུ་ཉིན་བཞིའི་རིང་གི་གཞུང་འབྲེལ་ལས་དོན་ལེགས་གྲུབ་བྱུང་ཡོད། དེ་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨོ་སི་ཊི་རི་ཡའི་གྲོས་ཚོགས་འཐུས་མི་ཨི་ཝ་ལི་ཆེ་ཊེན་བྷར་གྷར་(Dr. Eva Lichtenberger)མཆོག་དང་ལྕམ་སྐུ་མེ་ཌི་ལེན་པེ་ཊོ་ཝི་ཆི་(Dr. Madeleine Petrovic)མཆོག དེ་བཞིན་ལྕམ་སྐུ་ཇུ་དྡི་ཤི་ཝེ་ཛི་ཝན་ཐར་(Dr.Judith Schwentner) མཆོག་བཅས་དང་མཇལ་འཕྲད་སྐབས་ཨོ་སི་ཊི་རི་ཡའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆུང་ཞིག་འཛུགས་ཐུབ་རྒྱུའི་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨོ་སི་ཊི་རི་ཡའི་གཞུང་གི་གནད་ཡོད་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བདུན་ཙམ་གྱི་སྐུ་ཚབ་འཐུས་མི་རྣམས་དང། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་མི་བཅས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་སྐུ་ཞབས་ཌའོ་ཇག་(Dr Doujak)མཆོག་ཀྱང་ཕེབས་ཡོད། སྐུ་ཞབས་ཌའོ་ཇག་མཆོག་ནི་ཨོ་སི་ཊི་རི་ཡའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་འགན་འཛིན་ཡིན་འདུག ཕྱོགས་མཚུངས་སྐབས་དེར་རྒྱལ་སྤྱི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། དེ་བཞིན་ཨོ་སི་ཊི་རི་ཡའི་ཕྱི་འབྲེལ་ལས་དོན་ཚོགས་པའི་གཞུང་ཚབ་པ་སྐུ་ཞབས་ཛིམ་བྷག་(Zimburg)མཆོག་དང་ཡང་མཇལ་འཕྲད་གནང་ཡོད། གཞན་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨོ་སི་ཊི་རི་ཡའི་ཉིན་རེའི་གསར་ཤོག་ཌའི་པེ་རི་སི་(Die Presse daily News paper)ཞེས་པ་དང་ཨོ་སི་ཊི་རི་ཡའི་རྒྱལ་ཡོངས་བརྙན་འཕྲིན་(Austrian News TV.)བཅས་ཀྱི་ཆེད་དོན་དྲི་བར་ལན་འདེབས་གནང་ཡོད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ཚེས་ ༢༦ ཉིན་ཨོ་སི་ཊི་རི་ཡའི་ཁུལ་གྱི་ལས་དོན་རྣམས་ཡོངས་སུ་གྲུབ་མཚམས་བྷེལ་ཇམ་གྱི་རྒྱལ་ས་བྷར་སིལ་དུ་ཕེབས་འབྱོར་བྱུང་ཡོད། ཁུལ་དེར་ཕྱི་ཚེས་ ༢༧ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཅས་ལྷན་འཛོམས་ཀྱིས་བྷེལ་ཇམ་ས་གནས་བོད་རིགས་ཚོར་གསུང་བཤད་གནང་ཡོད། ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༡༢ ཚེས་ ༡ བར་དུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་ལས་འགུལ་ཁང་(INPaT་)གི་ཚོགས་མི་རྣམས་དང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ཁག་གཅིག ལྷག་པར་ཡུ་རོབ་གྲོས་ཚོགས་ནང་ཤར་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་ལྷན་ཚོགས་གནང་རྒྱུ་ཡིན་པ་མ་ཟད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པ་དེར་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༢ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་སླར་ཡང་ཨོ་སི་ཊོ་རི་ཡའི་རྒྱལ་ས་ཝེ་ནི་ཡར་ཕེབས་ཏེ་འགྲེམས་སྟོན་དབུ་འབྱེད་དང་ས་གནས་བོད་མི་ཚོར་གསུང་བཤད་གནང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ཨི་ཊཱ་ལིའི་གྲོང་ཁྱེར་བྷོལ་ཛ་ནོ་ཏེ་རན་ཏོའི་ཁུལ་དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་རྒྱུ་དང། ཕྱི་ཚེས་ ༨ ནས་ ༡༢ བར་ཨི་ཊཱ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། རེ་ཌི་ཀལ་ཚོགས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༠ ཉིན་ཨི་ཊཱ་ལིའི་གྲོང་ཁྱེར་མི་ལན་(Milan)དུ་ཕེབས་རྗེས་ཕྱི་ཚེས་ ༡༥ ཉིན་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།