༢༠༡༡ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། འདི་གར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་ཐོག་བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༠༦ ནས་ ༠༨ བར་ཉིན་གསུམ་རིང་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ལྷོ་ཕྱོགས་གཞིས་ཁག་ལྔ་དང་། ཨོ་རི་ས་ཕུན་ཚོགས་གླིང་། མན་སྤར་ཕན་བདེ་གླིང་། མེའོ་ཆོས་འཕེལ་གླིང་། ཏེ་རྫུ་དར་རྒྱས་གླིང་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་དང་། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན། སོ་ནམ་སློབ་སྟོན་བཅས་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་སོ་ནམ་ཚོགས་ཆེན་ཐེངས་བརྒྱད་པ་སྐོང་ཚོགས་གནང་ཞིང་། ཚོགས་འདུ་སྤྱིའི་འགྲོ་ལུགས་བཞིན། ཚོགས་འདུ་སྔོན་མའི་གྲོས་ཆོད་ཁག་ལ་ལག་ལེན་ཇི་འཁེལ་དང་། སྐྱེ་ལྡན་སོ་ནམ་གྱི་འདས་པའི་ལས་འཆར་ཐོག་དཀའ་ངལ་ཇི་འཕྲད། འཐུས་ཤོར་ཇི་ཆགས། འདས་པས་ཉམས་མྱོང་ལས་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཐབས་ལམ་ཇི་ཡོད་སྐོར་བགྲོ་གླེང་ཞིབ་རྒྱས་དང་། ཡང་སྒོས་སོ་ནམ་ཡར་རྒྱས་དང་། ས་ཆུ་བདག་གཅེས་དང་། རྫིང་ཆུ་བཀག་བསྐྱིལ། ཞིང་ཆུ་འདྲེན་གཏོང་། ཤིང་སྣ་འདེབས་འཛུགས། སྒོ་ཕྱུགས་གསོ་སྐྱོང་། སྨན་རྩ་འདེབས་ལས། བཟའ་འབྲུ་བཟོ་སྐྲུན། སྐྱེ་ལྡན་བཟའ་འབྲུ་ཚོང་འབྲེལ་སོགས་ཀྱི་སྐོར་གྲོས་བསྡུར་ལྷུག་པོ་གནང་བས་སྒྲུབ་དོན་གྲོས་ཆོད་དོན་ཚན་ ༡༠ དང་། མཇུག་གནོན་གྲོས་ཆོད་ ༣ ཟུར་རྒྱན་གྲོས་ཆོད་ ༢ བཅས་ཁྱོན་བསྡོམས་གྲོས་ཆོད་ཁག ༡༥ བསྣོལ་འཇོག་དང་སྦྲགས་ཚོགས་འདུ་རྒྱལ་དགའི་ངང་ནས་མཇུག་བསྡོམས་གནང་། དེ་རྗེས་ཕྱི་ལོ་ ༢༠༡༡ ལོའི་རྒྱ་གར་རྒྱལ་ཡོངས་སྐྱེ་ལྡན་ལས་འགུལ་ཚོགས་སྡེ་དང་ཇར་མན་གྱི་རྒྱལ་མང་ཚོང་སྡེ་ཆེན་པོ་ (Bio Fach) ཟུང་འབྲེལ་གྱི་གོ་སྒྲིག་ཐོག་རྒྱལ་སྤྱིའི་སྐྱེ་ལྡན་ཚོང་འབྲེལ་ལྷན་ཚོགས་ཐེངས་ ༧ པ་དེ་བཞིན་ཀར་ན་ཀྲ་ཀ་མངའ་སྡེའི་རྒྱལ་ས་སྦེལ་ལོར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་འཚོགས་རྒྱུའི་ཁོངས་སུ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་དང་ནང་སྲིད་དྲུང་ཆེ་རྣམ་གཉིས་མཛད་བྲེལ་དབང་གིས་ཕེབས་ཁོམ་མ་བྱུང་སྟབས།
ནང་སྲིད་སོ་ནམ་ཚན་པའི་འགན་འཛིན་ཟུང་དྲུུང་འཆི་མེད་རིག་འཛིན་དང་དྲུང་གཞོན་ཟླ་བ་ཚུལ་ཁྲིམས་ཀྱི་སྣེ་འཁྲིད་ཐོག་གོང་གསལ་སོ་ནམ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་དང་། དེའི་ཐོག་མོན་གྷོ་འདོད་རྒུ་གླིང་ནས་སྐྱེ་ལྡན་སོ་ནམ་པ་མི་གྲངས་ ༡༠ བཅས་ཁྱོན་བསྡོམས་བོད་མི་མི་གྲངས་ ༣༥ ཙམ་གྱི་འགྲེམས་སྟོན་དེའི་ནང་ཉམས་གསོག་དང་གོ་རྟོགས་ཆེད་མཉམ་ཞུགས་བྱས་ཡོད། སྐབས་འདིའི་རྒྱལ་སྤྱིའི་སྐྱེ་ལྡན་ཚོང་འདུས་དང་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེ་བློན་ཆེན་སྐུ་ཞབས་ས་ལྷ་ནན་ལྷ་གྷོ་ཝོ་ཌ་ (Shri .D.V Sadananda Gowda) མཆོག་དང་། སོ་ནམ་བློན་ཆེན་སྐུ་ཞབས་ཨུ་མེཤེ་ཀ་ཀྲི་ (Shri.Umesh V.katti) མཆོག་དང་། རྩི་ཤིང་འདེབས་ལས་བློན་ཆེན་ར་བི་ཨིན་དར་ན་ཐ་ (Shri.SA Rabindranath) གཙོས་མངའ་སྡེ་མང་པོའི་སོ་ནམ་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེའི་གནས་རིམ་ལས་བྱེད་དང་སྐུ་ཚབ་ཕེབས་བཞུགས་གནང་འདུག འགྲེམས་སྟོན་ཁོངས་སུ་རྒྱ་གར་གྱི་མངའ་སྡེ་ཁག ༢༢ དང་ཕྱིའི་རྒྱལ་ཁབ་ཁག ༤ ཙམ་ནས་སྐྱེ་ལྡན་ཐོན་འབབ་འགྲེམས་སྟོན་གྱི་ཚོང་ཁང་ཆེ་ཆུང་གྲངས་ ༡༦༥། ཕྱི་ནང་ཚོགས་བཅར་བའི་ཁོངས་སུ་སྙན་གྲགས་ཅན་གྱི་སྐྱེ་ལྡན་ཁྱད་ལས་རྣམ་པ་དང་། ཚོང་པ་མི་སྣ། སྟོབས་འབྱོར་ཆེ་བའི་ཞིང་པ་སོགས་ཚོགས་བཅར་བ་ ( Delegates) མི་གྲངས་ ༢༥༠༠ ཙམ་དང་། ཉིན་རེའི་ནང་འགྲེམས་སྟོན་གཟིགས་བར་ཕེབས་མཁན་མི་གྲངས་ཁྲི་ཚོ་བརྒལ་བར་འདུ་འཛོམས་རྒྱ་ཆེ་དེའི་ནང་ནང་སྲིད་སོ་ནམ་སྡེ་ཚན་དང་སྤྱི་ཐུན་མཉམ་འབྲེལ་མཐུན་མོང་ནས་བོད་མིའི་གཞིས་སྒར་ཁག་གི་སྐྱེ་ལྡན་ཐོན་ཟོག་གི་རྣམ་གྲངས་ཁག་བསྡུ་རུབ་ཀྱིས་བོད་ཀྱི་སྐྱེ་ལྡན་འགྲེམས་སྟོན་ཁང་ཆུང་གྲས་ཤིག་གོ་སྒྲིག་ཞུས་པར་གོང་གསལ་འགྲེམས་སྟོན་རུ་ཁག་ཁོངས་ནས་ཨང་གཉིས་པའི་བྱ་དགའ་གསོལ་རས་འདེམས་ཐོན་བྱུང་བ་ནི་སྐྱེ་ལྡན་ལས་འཆར་ལ་ངེས་པ་གསར་རྙེད་དང་མ་འོངས་པ་ཚོང་འབྲེལ་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ་བཅས།།