༢༠༡༡ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །འདི་གར་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་༼སིར་མོར་རྫོང༽ ཁོངས་སུ་གཏོགས་པའི་ཌོ་ལན་ཇི་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་སྒར་གྱི་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ། དཔལ་གཤེན་བསྟན་སྨན་རིའི་གླིང་དུ། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་མཆོག་གི་དམིགས་བསལ་དགོངས་བཞེད་ལྟར། དེང་གི་ཆར་འཛམ་གླིང་ཡུལ་གྲུ་གང་སར། རང་བཞིན་འབྱུང་བའི་གོད་ཆག་དང༌། ནད་མུག་མཚོན་འཁྲུག་སོགས་ཀྱི་རྐྱེན་གྱིས་མི་རྣམས་མི་བདེ་བར་སྦྱར་དང་སྦྱོར་ བཞིན་པ་འདི་དག་མྱུར་དུ་ཞི་ནས། ཡངས་པའི་ས་ཐོག་འདིར། ཞི་བདེ་དང་ཕན་ཚུན་འཆམ་མཐུན་བག་ཕེབས་འབྱུང་ཕྱིར་དང༌། ལྷག་དོན་རང་རེའི་སེར་སྐྱ་མང་དག་ཅིག་གིས་སོ་སོའི་གཅེས་པའི་ཚེ་སྲོག་ཡན་བློས་གཏོང་གནང་མཁན་དག་གི་བྱས་བསག་སྡིག་ལྟུང་བྱང་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་ཆེད་དུ། མི་ཚེགས་རྒྱུ་གྲོན་ལ་ཇི་མི་སྙམ་པའི་སྒོ་ནས་ཁྱད་མཁས་བླ་སྤྲུལ་དགེ་བཤེས་དམིགས་བསལ་ཚོགས་ཆུང་གི་ཐོག་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཡོ་བྱད་གྲ་སྒྲིག་ལེགས་པར་ཞུས། དེའང་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་ལ།
རྒྱས་འབྲིང་བསྡུས་གསུམ་གྱི་ལག་ཏུ་ལེན་ལུགས་ཡོད་པ་ལས། སྐབས་འདིར་འབྲིང་པོ་གཙོ་བརྒྱ་འཁོར་བཅུའི་ལུགས་ལྟར། ཞི་རྒྱས་དབང་དྲག་ཅེས་ལས་བཞི་ལ་དབང་བའི་ལྷ་བཞི་སྟེ། ཞི་བ་གཡུང་དྲུང་ཡོངས་རྫོགས། རྒྱས་པ་ཀུན་སྣང་ཁྱབ་པ། དབང༌ཁྲོ་བོ་གཙོ་མཆོག དྲག་པོ་དབལ་གསས། མེ་ལྷ་རྒྱུན་བཅས་ཀྱི་ལྷ་གཙོ་བོའི་བསྙེན་འཛབ་གསེར་དངུལ་གྱིས་བྲིས་པའི་ཤིང་བྱང་བརྒྱ་རེ་དང༌། དེ་བཞིན་འཁོར་རྣམས་རེ་རེར་སོ་སོའི་བསྙེན་འཛབ་གསེར་དངུལ་གྱིས་བྲིས་པའི་ཤིང་བྱང་དང༌། གཞན་ཡང༌། ལྷ་རྫས། རྟེན་རྫས། སྒྲུབ་རྫས། མཆོད་རྫས། སྲེག་རྫས་སོགས་འཐུས་གཙང་གོང་བཀོད་ཚོགས་ཆུང་གིས་དུས་ཡུན་ཟླ་བ་གཉིས་ལྷག་རིང་ཚད་ལྡན་ལུང་མཐུན་གྲ་སྒྲིག་ཞུས་ཤིང་ཕྱི་ལོ་ ༢༠༡༡ ཟླ་བ་ ༡༡ ཚེས་ ༣ དང་ ༤ གཉིས་ལ་བཅའ་བཟོ་མཆོད་བཤམ་དང༌། ཚེས་ ༥ ནས་ ༡༢ བར་ཉིན་བརྒྱད་ཀྱི་རིང་འདུས་ཚོགས་རྒྱས་འཛོམས་ཀྱིས་གསུང་ཆོག་གནང་ཞིང༌།
དབུ་འཛུགས་ཞལ་དབྱེ་དང༌། མཇུག་གྲུབ་མཆོད་སྨོན་ལམ་བཅས་སུ། སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆེད་ཕེབས་ཀྱིས་ཐུགས་སྨོན་བཀའ་དྲིན་བསྐྱངས་འོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམས་དང༌། སྐུ་མགྲོན། ས་གནས་མི་མང༌། དེ་བཞིན་ས་གནས་དགེ་སློབ་སོགས་རྒྱས་འཛོམས་ཀྱིས་གསོལ་འདེབས་སྨོན་ལམ་ཟབ་རྒྱས་ཞུས་ཤིང༌། སྐབས་འདིའི་སྤྱི་རིམ་ཆེན་མོའི་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།